བོད་ལྗོངས།
༄༅།།བོད་ཀྱི་ཁྱད་ཆོས་ལྡན་པའི་སྡེ་ཁུལ་ཡོ་བསྲང་ལས་དོན་བྱེད་ཐབས་རིམ་གྱིས་བཙུགས་པ།

    2017ལོའི་ཟླ་4ཚེས་1ཉིན། མངའ་རིས་ས་ཁུལ་སྒེར་རྩེ་རྫོང་ཁྲིམས་འཛིན་ཅུས་ཀྱི་ཅུས་ཀྲང་དབང་འདུས་ཚེ་རིང་གིས་ལས་རོགས་རྒྱལ་ཁ་སྒྲོལ་མ་དང་བསམ་གྲུབ་ཚེ་རིང་བཅས་དང་མཉམ་དུ་རླངས་འཁོར་བསྡད་དེ་སྤྱི་ལེ་400ལྷག་ཙམ་བསྐྱོད་མཐར་རྫོང་དེའི་བྲག་པོ་ཤང་དང་རྒོད་མོ་ཤང་དུ་འབྱོར་ནས་ས་བབ་སྨི་5000ལྷག་ཙམ་ཡོད་པའི་དབྱར་དུས་ཕྱུགས་འཚོ་སའི་སྦྲ་གུར་སྡེ་ཁུལ་དུ་ཡོ་བསྲང་སློབ་སྦྱོང་གི་བྱེད་སྒོ་སྤེལ་བར་སྐར་ཆེ་གེ་མོ་དང་། ཆོས་ཆེ་གེ་མོ། ཉི་ཆེ་གེ་མོ། བསོད་ཆེ་གེ་མོ་བཅས་མི་བཞིའི་བསམ་བློའི་གནས་ཚུལ་དང་། སྤྱི་ཚོགས་ཀྱི་འབྲེལ་བ། ཁྱིམ་ཚང་གི་འཚོ་བ་བཅས་ལ་དཀའ་ངལ་གང་ཡོད་མེད་ཤེས་རྟོགས་བྱས་པ་རེད།

    སྒེར་རྩེ་རྫོང་དུ་ས་རྒྱ་ཆེ་ལ་མི་གྲངས་ཉུང་བ་དང་འགྲིམ་འགྲུལ་སྟབས་བདེ་མེད་པས་ནམ་རྒྱུན་སྡེ་ཁུལ་གྱི་ཡོ་བསྲང་ལས་དོན་དག་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་དང་། གྲོང་ཚོ་ཨུ་ལྷན་གྱི་ཁོངས་མི། “གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མི། སྡེ་ཁུལ་གྱི་ཁྲིམས་ཆད་འཁུར་བཞིན་པའི་མི་སྣའི་ནང་མི་སོགས་ལས་གྲུབ་པའི་ཡོ་བསྲང་ཚོགས་ཆུང་གིས་གླེང་མོལ་དང་འཚམས་འདྲིའི་ཐབས་ལ་བརྟེན་ནས་ལས་དོན་སྤེལ་གྱི་ཡོད་པ་དང་། རྫོང་ཁྲིམས་འཛིན་ཅུས་ཀྱིས་ལོ་ལྟར་དུས་བཀག་ལྟར་སྡེ་ཁུལ་གྱི་ཡོ་བསྲང་བྱ་ཡུལ་མི་སྣའི་ཁྱིམ་དུ་སློབ་གསོའི་ལས་དོན་སྤེལ་གྱི་ཡོད་པ་རེད།

    “རྒྱལ་རྩེའི་ཉམས་མྱོང”ལྗོངས་ཡོངས་སུ་ཁྱབ་གདལ་བཏང་བ།

    2013ལོར་རྒྱལ་ཁབ་ཀྱི་སྡེ་ཁུལ་ཡོ་བསྲང་གི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་གཅིག་རྗེས་གཉིས་མཐུད་ངང་བཏོན་ནས་ལག་བསྟར་བྱས་པ་དང་། བོད་རང་སྐྱོང་ལྗོངས་སུ་ཕྱོགས་ཡོངས་ནས་སྤེལ་མེད་པའི་རྒྱབ་ལྗོངས་འོག གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་གིས་གྲལ་བཤེར་མཐིལ་རྟོགས་དང་། ཚད་ལྡན་གྱི་ཡིག་ཆ་བཟོ་བ། དོ་དམ་བྱེད་ཐབས་འཚོལ་ཞིབ་བྱེད་པ་སོགས་དུས་གོང་གྲ་སྒྲིག་ཡག་པོ་བྱས་རྗེས་སྡེ་ཁུལ་གྱི་ཡོ་བསྲང་ལས་དོན་ཕྱོགས་ཡོངས་ནས་སྤེལ་བར་བརྟེན་སྡེ་ཁུལ་ཡོ་བསྲང་ཐད་ཀྱི “རྒྱལ་རྩེའི་ཉམས་མྱོང”ལ་གདེང་འཇོག་གང་ལེགས་ཐོབ་ཡོད་པ་རེད།

    རྒྱལ་རྫེ་རྫོང་ཁྲིམས་འཛིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་རིན་ཆེན་དབང་འདུས་ཀྱིས་ངོ་སྤྲོད་བྱས་དོན། རྒྱལ་རྩེ་རྫོང་གི་ཁྲིམས་འཛིན་སུའོ་ཡི་ལས་སྒོ་སྤེལ་འགོ་ཚུགས་མེད་པའི་གནས་ཚུལ་འོག རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་19ལ་འགན་འཁྲིའི་ཁུལ་5དབྱེ་ནས་ཁྲིམས་འཛིན་ལས་རོགས་མི་སྣ་གཏན་འཁེལ་བྱས་ཏེ་འགན་འཁྲིའི་ཁུལ་ཁག་གི་སྡེ་ཁུལ་ཡོ་བསྲང་གི་ལས་དོན་ལག་བསྟར་ཞིབ་ཕྲ་བྱས་པ་དང་སྡེ་ཁུལ་ཡོ་བསྲང་ལས་དོན་གྱི་ལག་བསྟར་བརྒྱུད་རིམ་ཐད་ཀྱི་ཁྲིམས་མཐུན་རང་བཞིན་འགན་ལེན་བྱས་པའི་ཁར་སྡེ་ཁུལ་ཡོ་བསྲང་ལས་དོན་དེ་སྤྱི་ཚོགས་ཀྱི་ཕྱོགས་བསྡུས་བཅོས་སྒྲིག་དང་དུས་བདེ་བསྐྲུན་པའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་རིམ་གྱིས་སྐུལ་འདེད་བཏང་བ་དང་འབྲེལ། འགོ་ཁྲིད་ཀྱི་སྒྲིག་གཞི་བཙུགས་ནས་ལས་བགོས་ཁ་གསལ་དང་འགན་འཁྲི་མི་ཐོག་ཏུ་འཁྱོལ་བ་བྱས་ཡོད་པ་རེད།

    2013ལོར་བོད་ཀྱི་སྐབས་དང་པོའི་སྡེ་ཁུལ་ཡོ་བསྲང་ལས་དོན་གྱི་གསོ་སྦྱོང་ཚོགས་འདུ་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་དུ་འཚོགས་ནས “རྒྱལ་རྩེའི་ཉམས་མྱོང”ལྗོངས་ཡོངས་སུ་ཁྱབ་གདལ་བཏང་ཞིང་། མིག་སྔའི་བར་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་7ཚང་མར་སྡེ་ཁུལ་ཡོ་བསྲང་ལས་དོན་གྱི་ཆེད་དམིགས་སྒྲིག་གཞི་བཙུགས་ཡོད་ལ་ཆེད་བསྐོས་མི་སྣ་ཡང་བཀོད་སྒྲིག་བྱས་ཡོད། རྫོང(ཆུས)74སྒོ་བྱང་བཀལ་ནས་སྡེ་ཁུལ་ཡོ་བསྲང་གི་གཞུང་ལས་ཁང་བཙུགས་པ་དང་འབྲེལ་འགོ་ཁྲིད་གཅིག་གིས་དོ་དམ་བྱེད་པ་དང་ཆེད་བསྐོས་མི་སྣ་གཅིག་གིས་སྡེ་ཁུལ་ཡོ་བསྲང་གི་ལས་དོན་བསྒྲུབ་ཀྱི་ཡོད། ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ(ཁྲོམ་གཞུང)694ལ་ཁྲིམས་འཛིན་སུའོ(སྡེ་ཁུལ་ཡོ་བསྲང་སུའོ)677བཙུགས་ཡོད་པ་རེད།

    ཁྲིམས་ལྟར་ཁྲིམས་འཛིན་དང་ཚད་ལྡན་གཅིག་གྱུར་ཡོང་བ་བྱས་པ།

    2013ལོར《བོད་རང་སྐྱོང་ལྗོངས་ཀྱི་སྡེ་ཁུལ་ཡོ་བསྲང་ལག་བསྟར་བྱེད་ཐབས》དངོས་སུ་བཀྲམས་ནས་བོད་ཀྱི་སྡེ་ཁུལ་ཡོ་བསྲང་ལས་དོན་དངོས་སུ་སྤེལ་འགོ་ཚུགས་ཡོད། 2014ལོར་རང་སྐྱོང་ལྗོངས་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་སྡེ་ཁུལ་ཡོ་བསྲང་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས་ཕྱོགས་ཡོངས་ནས་སྡེ་ཁུལ་ཡོ་བསྲང་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་ལས་དོན་བཀོད་སྒྲིག་བྱས་པ་དང་2015ལོར་སྡེ་ཁུལ་ཡོ་བསྲང་ལས་དོན་བོད་དུ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་འགོ་ཚུགས་པ་རེད།

    2017ལོར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁྲིམས་འཛིན་ཅུས་ཀྱི་སྡེ་ཁུལ་ཡོ་བསྲང་ལྟེ་གནས་བསྐྲུན་པ་དེ་ལྗོངས་ཡོངས་སུ་ཆ་འཕྲིན་ཅན་གྱི་ཐོག་ནས་ལྟ་སྐུལ་དོ་དམ་བྱེད་པའི་ཡོ་བསྲང་ལྟེ་གནས་ཐོག་མར་འགྱུར་ནས་སྡེ་ཁུལ་གྱི་ཁྲིམས་ཆད་འཁུར་བཞིན་པའི་མི་སྣར་དོ་དམ་བྱེད་པའི་ལས་དོན་ཚད་ལྡན་དུ་ཕྱིན་པ་དང་རྒྱུན་གཏན་གྱི་ལྟ་སྐུལ་དོ་དམ་དང་གཅིག་སྡུད་སློབ་གསོ་སོགས་ཀྱི་ལས་དོན་ལ་ཤུགས་སྣོན་ཐེབས་ཡོད།

    ཁྲིམས་ལྟར་ཁྲིམས་ཆད་ལག་བསྟར་གྱི་འགན་འཁྲི་བསྒྲུབ་ཆེད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཁུལ་ཡོ་བསྲང་ལས་དོན་མི་སྣར་སྡེ་ཁུལ་ཡོ་བསྲང་ལག་ཁྱེར་སྤྲད་ནས་ལག་ཁྱེར་བཏགས་ཏེ་ལས་གནས་ཐོག་བསྐྱོད་ཐུབ་པ་བྱུང་ཡོད། བོད་རང་སྐྱོང་ལྗོངས་ཀྱིས《སྡེ་ཁུལ་ཡོ་བསྲང་མི་སྣའི་ལྟ་སྐུལ་དོ་དམ་བྱེད་པའི་གནས་སྐབས་ལག་བསྟར་བྱེད་ཐབས》དང《སྡེ་ཁུལ་གྱི་ཡོ་བསྲང་ལས་དོན་ལམ་ལུགས》སོགས་སྒྲིག་སྲོལ་ལམ་ལུགས་བཟོས་ནས་བཏོན་ཏེ་སྡེ་ཁུལ་ཡོ་བསྲང་གི་ལམ་ལུགས་ཁག་ལ་བརྟག་དཔྱད་ཚོད་སྐོར་དང་། རྩིས་སྤྲོད་སྦྲེལ་མཐུད། དོ་དམ་སློབ་གསོ་སོགས་ཀྱི་ཁྲིམས་འཛིན་ལྷུ་ཚིག་ཁག་ནང་ཁྱབ་པར་བརྟེན་སྡེ་ཁུལ་ཡོ་བསྲང་ལས་དོན་ལམ་ལུགས་ཅན་དང་ཚད་ལྡན་ཅན་དུ་བསྐྲུན་རྒྱུར་སྐུལ་མ་ཐེབས་ཡོད།

    ལྟ་སྐུལ་དོ་དམ་བྱེད་ཐབས་རྒྱ་ཆེར་བཏང་བ།

    འདི་ལོའི་ཟླ་7པར་གསར་འགོད་པ་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་རྒན་གསོ་ཁང་དུ་བསྐྱོད་སྐབས་སྡེ་ཁུལ་གྱི་ཡོ་བསྲང་མི་སྣས་དེ་གར་ངལ་རྩོལ་བྱེད་པ་དང་། གཙང་སྦྲ་བྱེད་པ། མེ་ཏོག་དང་རྩི་ཤིང་བཏབ་པའི་ལས་ལ་བྲེལ་བཞིན་འདུག

    ཆུ་ཤུར་རྫོང་ཁྲིམས་འཛིན་ཅུས་ཀྱི་ལས་དོན་པ་བློ་བཟང་གཡུ་སྒྲོན་གྱིས་གསར་འགོད་པར་འདི་ལོ་ཚུན་དུ་ཆུ་ཤུར་རྫོང་རྒན་གསོ་ཁང་དུ་སྒོ་བྱང་བཀལ་ཏེ་སྡེ་ཁུལ་ཡོ་བསྲང་གི་སྤྱི་ཕན་ངལ་རྩོལ་རྟེན་གཞི་བཙུགས་པར་བརྟེན་ཆུ་ཤུར་རྫོང་སྡེ་ཁུལ་གྱི་ཁྲིམས་ཆད་འཁུར་བཞིན་པའི་མི་སྣའི་སྤྱི་ཕན་ངལ་རྩོལ་གནས་ཁ་ཐོར་དང་། དུས་ཚོད་མི་འདང་བ། ཕན་འབྲས་ཡག་པོ་མི་ཐོན་པ་སོགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱུང་ཡོད་ཅེས་བཤད་བྱུང་།

    འདི་ལོའི་ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་གྱིས་རྫོང(ཆུས)ཁག་གི་ཁྲིམས་འཛིན་ཅུས་དང་གཞི་རིམ་གྱི་ཁྲིམས་འཛིན་སུའོ་ལ་ཁྲིམས་འཛིན་ཐོ་བཀོད་ཀྱི་ཡོ་བྱད་སྤྲད་ནས་སྡེ་ཁུལ་གྱི་ཁྲིམས་ཆད་འཁུར་བཞིན་པའི་མི་སྣར་རྒྱུན་གཏན་དོ་དམ་དང་ཁྲིམས་འཛིན་མི་སྣའི་ཁྲིམས་འཛིན་བྱ་སྤྱོད་ལ་ལྟ་སྐུལ་ཐུབ་པ་བྱས་པ་དང་འབྲེལ་ཁྲིམས་འཛིན་ཆ་འཕྲིན་གྱི་ལྟ་སྐུལ་དོ་དམ་ལས་སྟེགས་སོགས་ཀྱི་ལག་རྩལ་བྱ་ཐབས་སྤྱད་ནས་ལག་ཐོགས་ཁ་པར་གྱི་གནས་གཏན་འཁེལ་གྱི་མ་ལག་ཐོག་ནས་སྡེ་ཁུལ་གྱི་ཁྲིམས་ཆད་འཁུར་བཞིན་པའི་མི་སྣའི་གནས་ཚུལ་ལ་དུས་ཐོག་ཏུ་དབྱེ་ཞིབ་དང་དུས་ངེས་མེད་ཐོག་ཞིབ་དཔྱད་བྱས་པ་མ་ཟད། དོགས་པ་ཡོད་པའི་མི་སྣར་དུས་ཐོག་ཏུ་ཞིབ་བཤེར་ཐག་གཅོད་ཐུབ་པ་བྱས་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001366262621