བོད་ལྗོངས།
༄༅།།བོད་ཀྱིས་གཞི་རིམ་གྱི“རུལ་སུངས་ཙག་ཙིག”ལ་ཆད་པ་ནན་པོ་བཅད་པ།

    ཟླ་9ཚེས་26ཉིན་གསར་འགོད་པར་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱི་སྒྲིག་བཤེར་ལས་ཁུངས་ཀྱིས་གྱོད་གཞི་ཡོད་ཚེ་ངེས་པར་དུ་ཞིབ་བཤེར་བྱེད་པ་དང་རུལ་སུངས་ཡོད་ཚེ་ངེས་པར་དུ་ཆད་པ་ནན་པོ་གཅོད་པ་མཐའ་འཁྱོངས་བྱས་ནས་ཁྱོན་ཡིག་སྐུར་ངོ་བཅར་གྱི་ཐེར་འདོན་གོང་ཞུ་ཐེངས་6870དང་ལེན་བྱས་པ་དང་། གནད་དོན་གྱི་ཁུངས་སྣེ་ཁག་6006ཐག་གཅོད་བྱས་པ། གྱོད་ཐོ་ཁག་2094བཀོད་པ། མི་གྲངས་2357ལ་ཏང་སྲིད་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་པ། མི་གྲངས་99ཁྲིམས་འཛིན་ལས་ཁུངས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ། དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི་46731མི་ཕོག་པར་བྱས་ཡོད། དེ་དང་ཕྱོགས་མཚུངས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་ལས་དོན་སྒྲུབ་ཤུགས་ཆེ་རུ་བཏང་ཞིང་། ཟླ་བ་བཞི་པའི་བར་ཀྲུང་དབྱང་བྲོས་འདེད་གཞུང་ལས་ཁང་དུ་སྙན་སེང་ཐོ་འགོད་བྱས་པའི་བྲོས་བྱོལ་བ་8ནས་7བཟུང་བ་ལས་ཏང་ཡོན་དང་རྒྱལ་ཁབ་ཀྱི་ལས་དོན་པ་6ཡོད་པ་ཚང་མ་ཁྲིམས་འོག་ཏུ་ཚུད་པ་རེད།

    “ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་གནད་དོན་ཐད་བོད་ལ་དམིགས་བསལ་རང་བཞིན་གང་ཡང་མེད་པའི་དགོངས་པ་མཐའ་འཁྱོངས་བྱས་ནས་རིམ་ཁག་སྒྲིག་བཤེར་ལས་ཁུངས་ཀྱིས་ཏང་གི་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་དུ་གཏོང་བ་ཐོག་མཐའ་བར་གསུམ་དུ་གནས་བབ་ཨང་དང་པོར་བཞག་སྟེ་སློབ་གསོ་དང་། ལྟ་སྐུལ། ལམ་ལུགས་བཅས་ཀྱི་ལས་དོན་དམ་འཛིན་ནན་པོ་བྱས་ནས་ཏང་ཡོན་ལས་བྱེད་པའི་དཔུང་ཁག་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་སྲུང་སྐྱོང་ཧུར་ཐག་བྱས་པས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ལ་འཕེལ་རིམ་གསར་པ་དང་གྲུབ་འབྲས་གསར་པ་བྱུང་ཡོད”ཅེས་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ལྟ་ཞིབ་ཐིང་གི་ཐིང་ཀྲང་། རུལ་སུངས་སྔོན་འགོག་ཅུས་ཀྱི་ཅུས་ཀྲང་བཅས་ཡིན་པའི་ལྷག་པ་ཚེ་རིང་གིས་གསུངས།

    ངོ་སྤྲོད་བྱས་པར་གཞིགས་ན། བོད་ཀྱི་སྒྲིག་ཨུད་ཀྱིས་གཞི་རིམ་དུ་ཐོན་པའི“རུལ་སུངས་ཙག་ཙིག”ལ་གཙོ་གནད་ཆད་པ་ནན་པོ་བཅད་དེ་སྔ་རྗེས་སུ་ཚོགས་འདུ་ཐེངས་གཉིས་འཚོགས་ནས་ཆེད་དོན་བཀོད་སྒྲིག་བྱས་པ་དང་། གཙོ་གནད་ཁུངས་སྣེ་བསྒྲུབ་རྒྱུར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ། 2016ལོའི་ཟླ་11གོང་དུ“ཞིབ་བཤེར་ཐག་གཅོད་གཅིག་ཀྱང་བྱས་མེད་པའི”རྫོང་རིམ་པའི་སྒྲིག་ཨུད་ཀྱི་ཧྲུའུ་ཅི་9སྐོང་འདྲི་བྱས་ཡོད། 2012ལོ་ནས་བཟུང་གནད་དོན་དེ་རིགས་ཀྱི་ཁུངས་སྣེ་ཁག་1625ཐག་གཅོད་བྱས་པ་དང་། གྱོད་ཐོ་ཁག་442བཀོད་པ། གྱོད་གཞི་352ཀྱི་གྱོད་མཇུག་བསྒྲིལ་བ། མི་གྲངས་384ལ་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001366448151