བོད་ལྗོངས།
བོད་ཀྱིས“རྒྱུད་གཅིག་ལམ་གཅིག”དང་མཉམ་འདྲེས་ཧུར་ཐག་བྱས་ཏེ་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་པ།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། བོད་ཀྱིས་ཉེ་བའི་ལོ་ཤས་རིང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་སྦྲེལ་མཐུད་ཧུར་ཐག་བྱས་ནས་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་པ་རེད། ལྷ་སའི་འགག་སྒོ་ལས་ཁུངས་ཀྱི་བསྡོམས་རྩིས་ལྟར་ན། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པ་བར་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་47.28ཟིན་པ་དེ་དུས་མཚུངས་ལས་22.1%འཕར་ཡོད།

    ལྷ་སའི་འགག་སྒོ་ལས་ཁུངས་ཀྱི་འགན་འཁུར་བས་ད་ལོ་ནས་བཟུང་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་མགྱོགས་མྱུར་འཕར་བ་ནི་ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ཀྱི“མཁྲེགས་མཉེན་གྱི་ཁོར་ཡུག”སྔར་བས་ལེགས་སྒྲིག་བྱས་པ་ལས་བྱུང་བ་ཞིག་རེད།

    “མཉེན་པའི་ཁོར་ཡུག”ནི་བོད་ཀྱིས་མཐའ་མཚམས་ཉོ་ཚོང་ཁྲོམ་ར་དང་མཐའ་མཚམས་མི་སེར་གྱི་ཉོ་ཚོང་བྱ་ཡུལ་འཛུགས་སྐྲུན་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་ནས“མཐའ་དར་དམངས་ཕྱུག”གི་འཐབ་ཇུས་ལ་སྐུལ་སྤེལ་གཏིང་ཟབ་བཏང་སྟེ་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་པ་དང་། 《བོད་ཀྱིས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་ཏེ་སྒོ་མོ་འབྱེད་པའི་བགྲོད་ལམ་གལ་ཆེན་འཛུགས་སྐྲུན་གྱི་འཆར་འགོད》བཏོན་ནས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་མཉམ་འདྲེས་ཧུར་ཐག་བྱས་ཏེ་ཕྱི་ཕྱོགས་ཚོང་དོན་གྱི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་པར་ཟེར།

    “མཁྲེགས་པའི་ཁོར་ཡུག”གི་ངོས་ནས་བརྗོད་ན། ལྷ་སའི་འགག་སྒོ་ལས་ཁུངས་ཀྱིས་སྒྱུར་བཅོས་ཟབ་ཏུ་བཏང་ནས་ཧི་མ་ལ་ཡ་བསྐོར་བའི་དཔལ་འབྱོར་མཉམ་ལས་ཁུལ་དང་། བྷང་ག་ལ་དང་། ཀྲུང་གོ རྒྱ་གར། དེ་བཞིན་འབར་མ་བཅས་ཀྱི་དཔལ་འབྱོར་ཁྱམས་རིང་འཛུགས་སྐྱོང་དང་། ཀྲུང་གོ་དང་ནེ་པ་ལའི་མཐའ་མཚམས་ཀྱི་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྲུན་ལ་སྐུལ་སྤེལ་བརྟན་པོ་གཏོང་བ། “རྒྱུད་གཅིག་ལམ་གཅིག”གི་ཨེ་ཤེ་ཡའི་བགྲོད་ལམ་འཛུགས་སྐྱོང་ལ་ཧུར་ཐག་ཞུགས་པ། “བརྗེ་རེས་གསུམ”(ཆ་འཕྲིན་བརྗེ་རེས། ལྟ་སྡོམ་ངེས་རེས། ཁྲིམས་འཛིན་རོགས་རེས)གྱི་འགག་སྒོ་ཆེན་པོ་དང་། “སྒེའུ་ཁུང་རྐྱང་པ”འགག་བཤེར་མཉམ་ལས་ཀྱི“ཐེངས་གཅིག་གསུམ”(འདུན་ཞུ་ཐེངས་གཅིག་དང་། ཞིབ་བཤེར་ཐེངས་གཅིག གློད་གཏོང་ཐེངས་གཅིག)རྒྱལ་ཡོངས་ཀྱི་འགག་སྒོ་གཞི་གཅིག་ཅན་གྱི་སྒྱུར་བཅོས་སོགས་རྣམ་གྲངས་དོན་འཁྱོལ་ལ་སྐུལ་སྤེལ་ཟམ་མི་ཆད་པར་བཏང་བ་ཞིག་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001368018371