བོད་ལྗོངས།
བོད་ལྗོངས་ལྷོ་ཁའི་ཚོང་འདུས་ཀྱིས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ལ་རམ་འདེགས་བྱེད་པ།

    “ཚོང་འདུས་འགོ་ཚུགས་ནས་ཉིན་གཉིས་ལས་སོང་མེད་ནའང་ང་རང་ལ་སྒོར་ཉིས་སྟོང་སུམ་སྟོང་ཙམ་བྱུང་། ཞིང་དལ་གྱི་དུས་སུ་ཡོང་འབབ་དེ་འདྲ་བྱུང་བ་དངོས་གནས་ཧང་སངས་དགོས་པ་ཞིག་རེད”ལྷོ་ཁའི་ཡར་ཀླུང་ཚོང་འདུས་ཀྱི་སྐོར་གླེང་སྐབས། ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་གི་ཚོང་པ་ལི་ཞི་ཚའེ་ཡི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བཞིན། “གལ་སྲིད་ཚོང་འདུས་མིན་ཚེ་ཚོང་རྒྱུག་པོ་དེ་འདྲ་ཡོང་མི་སྲིད”ཅེས་བཤད།

    དུས་ཡུན་ཉིན་7གྱི་ལྷོ་ཁའི་ཡར་ཀླུང་ཚོང་འདུས་ཚེས་1ཉིན་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་མཁར་ཐོག་གྲོང་མི་ཨུ་ལྷན་དུ་འཚོགས་ཤིང་། ལི་ཞི་ཚའེ་དང་བཟའ་ཟླ་སྒྲོལ་དཀར་གཉིས་པོས་ཚབ་ཚོང་བྱེད་པའི་སྤུས་རྟགས་ག་གེ་མོ་ཞིག་གི་ཁུ་འདོན་འཕྲུལ་ཆས་ལ“ཚོང་འདུས”ལ་ཡོང་མཁན་མང་ཚོགས་ཚོའི་དགའ་བསུ་ཆེན་པོ་ཐོབ།

    ངོ་སྤྲོད་བྱས་པར་གཞིགས་ན། སྐབས་འདིའི་ཡར་ཀླུང་ཚོང་འདུས་སུ་ལྗོངས་ཕྱི་ནང་གི་ཚོང་དུད་4000ཙམ་ཞུགས་པ་དང་། ཚོང་ཟོག་བསྡོམས་འབོར་སྒོར་དུང་ཕྱུར་ཟིན་གྱི་ཡོད་པ་རེད།

    “ཚོང་འདུས་འཚོགས་པ་ལས་ཚོང་ཟོག་འགྲོ་རྒྱུག་ལ་སྐུལ་མ་ཐེབས་རྒྱུ་དང་། སྤྱི་ཚོགས་ཀྱི་འཛད་སྤྱོད་རྒྱ་ཆེར་འགྲོ་རྒྱུ། མང་ཚོགས་ཀྱི་ཡོང་འབབ་མཐོ་རུ་འགྲོ་རྒྱུ། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་ཐེབས་རྒྱུ་བཅས་ལ་ཕན་པ་ཡོད”ཅེས་དང་། ལྷོ་ཁ་གྲོང་ཁྱེར་གྱི་ཧྲེ་ཀྲང་གཞོན་པ་མོའུ་ཡུང་ཝུན་གྱིས“ཡར་ཀླུང་ཚོང་འདུས་ལྷོ་ཁའི་དངོས་ཟོག་ཉོ་ཚོང་དང་། རིག་གནས་སྤེལ་རེས། བརྩེ་སེམས་གཅིག་འདུས་བཅས་ཀྱི་ལས་སྟེགས་གལ་ཆེན་དུ་གྱུར་ཡོད”ཅེས་བཤད།

    1981ལོར་འགོ་ཚུགས་པ་ནས་ད་བར་སྐབས་37གཉེར་བའི་ཡར་ཀླུང་ཚོང་འདུས་དེ་ནི་ལྷོ་ཁའི་གཞི་ཁྱོན་ཆེ་ཤོས་དང་ལོ་རྒྱུས་རིང་ཤོས་ཀྱི་སྲོལ་རྒྱུན་གྱི་དཔལ་འབྱོར་ཉོ་ཚོང་སྟོན་མོ་ཞིག་ཡིན། ལོ་མང་འཕེལ་རྒྱས་ཕྱིན་པ་བརྒྱུད། ཡར་ཀླུང་ཚོང་འདུས་དེ་ཞིང་འབྲོག་ཁུལ་འཕེལ་རྒྱས་འགྲོ་རྒྱུ་དང་། འཛད་སྤྱོད་རྒྱ་ཆེར་གཏོང་རྒྱུ། དཔལ་འབྱོར་ལ་གསོན་ཤུགས་སྦྱིན་རྒྱུ། ཞིང་འབྲོག་པའི་ཡོང་འབབ་འཕར་རྒྱུ་བཅས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001368056821