བོད་ལྗོངས།
གཞུ་མོ་གྲོང་ཚོའི་བུད་མེད་ལས་བྱེད་པ་དང་པོ། —— ཡར་ལངས་ཞིང་བྲན་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་འབོད་ཐོས་ཤང་གཞུ་མོ་གྲོང་ཚོའི་གྲོང་མི་ཚེ་རིང་སྒྲོལ་དཀར་གྱི་སྐོར་བཀོད་པ།

    མི་སྣའི་རྒྱབ་ལྗོངས།

    ཚེ་རིང་སྒྲོལ་དཀར། མོ། 1935ལོའི་ཟླ་6པར་སྐྱེས། འདི་ལོ་ལོ་84ལ་སླེབས་པ་དང་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་འབོད་ཐོས་ཤང་གཞུ་མོ་གྲོང་ཚོའི་གྲོང་མི་ཡིན། བོད་ལ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། ཚེ་རིང་སྒྲོལ་དཀར་གྱི་ཁྱིམ་ལ་ནང་མི་8ཡོད་པ་དང་། ཁོང་གི་ཕ་ནི་གཞུ་མོ་གཞིས་ཀའི“དུད་ཆུང”(མི་ལུས་ཞིང་བྲན་བདག་པོར་བརྟེན་པ་དང་། ཞིང་བྲན་བདག་པོར་འུ་ལག་རྒྱུག་པ་དང་། ལག་གཡོག་བྱེད་པ་དང་ཆབས་ཅིག་ངལ་ལས་སྣ་ཚོགས་བྱས་ནས་འཚོ་ཐབས་བྱེད་ཀྱི་ཡོད་པས་སྤྱི་ཚོགས་ཐོག་གི་གནས་བབ“ཁྲལ་པ”ལས་ཀྱང་དམའ་བ་ཡོད)ཡིན་ཞིང་། ཁོང་དང་གཅེན་གཅུང་མིང་སྲིང་སྐྱེས་མ་ཐག“ནང་བཟན”(ཞིང་བྲན་བདག་པོའི་ཁྱིམ་གྱི་བྲན་གཡོག)དུ་གྱུར་ཡོད། གཞུ་མོ་གཞིས་ཀ་བོད་རྙིང་པའི་ལྷོ་ཁ་སྤྱི་ཁྱབ་ཁོངས་གཏོགས་ཀྱི་འོལ་ཁ་རྫོང་ལ་གཏོགས་པ་དང་། གཞིས་ཀའི་དོ་དམ་ཁྱབ་ཁོངས་ཧ་ལམ་ད་ཆའི་ཟངས་རི་རྫོང་འབོད་ཐོས་ཤང་གཞུ་མོ་གྲོང་ཚོའི་རྫིང་ཕྱི་ཆུ་བོའི་ངོགས་གཉིས་བར་ཡིན་པ་རེད།

    བོད་ལ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། ཚེ་རིང་སྒྲོལ་དཀར་ལ་མི་ལུས་རང་དབང་མེད་པར་ཆུང་བྱིས་པའི་དུས་ནས་གཞིས་ཀར་ལས་ཀ་བྱེད་དགོས་པ་མ་ཟད། ད་དུང་ལོ་ལྟར་འོལ་ཁ་རྫོང་ལ་ཁྲལ་འུ་ལག་ལྕི་པོ་སྣ་ཚོགས་རྒྱུག་དགོས་ཀྱི་ཡོད། 1959ལོར་དམངས་གཙོའི་བཅོས་སྒྱུར་བྱས་རྗེས། ཚེ་རིང་སྒྲོལ་དཀར་ལ་མི་ལུས་རང་དབང་ཐོབ་ནས་ས་ཞིང་བགོ་བཤའ་ཐོབ་པ་དང་ཆབས་ཅིག་རང་བདག་སྡོད་ཁང་ནང་སྡོད་རྒྱུ་བྱུང་ཡོད། ཁོང་1966ལོར་ཏང་ནང་ཞུགས་པ་དང་སྦྲགས་གཞུ་མོ་གྲོང་ཚོའི་ཐོན་སྐྱེད་ཚོགས་ཆུང་གི་ཙུའུ་ཀྲང་དང་། བུད་མེད་ཀྲུའུ་རེན། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་སོགས་ཀྱི་གོ་གནས་འཁུར་མྱོང་ཡོད། ཚེ་རིང་སྒྲོལ་དཀར་ལ་སྔ་རྗེས་སུ་ཕྲུ་གུ་5སྐྱེས་པ་དང་། ད་ཆ་བུ་ཚེ་རིང་རྡོ་རྗེ་དང་མཉམ་དུ་འཚོ་བ་སྐྱེལ་བཞིན་ཡོད་པ་དང་ནང་མི་ཚང་མའི་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་ཡོད།

    འདི་ནི་ཚེ་རིང་སྒྲོལ་དཀར(གཡས)དང་བུ་ཚེ་རིང་རྡོ་རྗེ་ཅི་འཕྲོས་མོལ་འཕྲོས་ཤོད་བཞིན་པ།

    ཟླ་གསུམ་པའི་ནང་། མཐོ་ཞིང་གཟར་བའི་འོ་དེ་གུང་རྒྱལ་གངས་རིའི་ཐོག་ཉི་འོད་རབ་ཏུ་འཕྲོས་པ་དང་རི་སྟེང་གི་ཁ་བ་དག་དར་དཀར་བཀླུབས་པ་དང་གཉིས་སུ་མ་མཆིས། དར་སྐུད་རིང་མོ་ཞིག་དང་མཚུངས་པའི་རྫིང་ཕྱི་ཆུ་བོ་དལ་བུར་རྒྱུག་པ་དང་དེ་ལས་ཆུ་རླབས་ཀྱི་འོད་མདངས་ཡང་ཡང་འཕྲོ་ཞིང་། ཆུ་བོའི་ངོགས་ཀྱི་ལམ་ཆུང་བརྒྱུད་གཞུ་མོ་གྲོང་ཚོར་འབྱོར་བ་དང་། དེ་ཁུལ་དུ་གྱང་ངོས་དཀར་ལ་རྡོ་རྩིག་གི་ཁང་པ་མང་པོ་མཐོང་རྒྱུ་འདུག

    གསར་འགོད་པ་ཡོང་བ་གོ་ཐོས་བྱུང་བས་རྒན་མོ་ཚེ་རིང་སྒྲོལ་དཀར་གྱིས་འཁར་རྒྱུག་ཐོགས་ཏེ་སྔ་ས་ནས་རང་ཁྱིམ་གྱི་སྒོ་འགྲམ་དུ་ང་ཚོ་སྒུག་ནས་འདུག ཁོང་གི་རྒྱབ་ངོས་ཀྱི་སྒོ་མཆོར་ཐོག་བཀལ་བའི“སྐར་བཅུ་རིམ་པའི་དུས་བདེ་ཞི་མཐུན་ཁྱིམ་ཚང”ཞེས་པའི་སྒོ་བྱང་དམར་པོ་དེ་ཧ་ཅང་མངོན་གསལ་དོད་པོ་ཞིག་འདུག

    ཁང་པའི་ནང་འཛུལ་མ་ཐག་རྒན་མོ་ཚེ་རིང་སྒྲོལ་དཀར་གྱིས་ང་ཚོར་ཇ་བླུགས་ནས་ཁ་ཡ་བྱེད་ཞོར་དུ་ཁོང་གིས་བརྒྱུད་མྱོང་བའི་དེ་སྔའི་དཀའ་སྡུག་དང་ད་ཆའི་བདེ་སྐྱིད་འཚོ་བའི་སྐོར་གླེང་འགོ་ཚུགས།  

    “ང་དང་ང་འདྲ་བའི‘ནང་ཟན’ནི་སྐྱེས་མ་ཐག་ནས་གཞིས་ཀའི་བྲན་གཡོག་རེད། ང་ཚོ་ནང་མི་ཚང་མ་ལུག་ཚང་ནང་སྡོད་པ་དང་། ལོ་གཅིག་དུས་བཞིར་མལ་ཆས་ཟེར་ནའང་འདྲ་ལྷན་པས་ཁེངས་པའི་བཙུགས་ཕྲུག་རྩབ་ཧྲལ་ཞིག་ལས་མེད། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། ངས་ལྷམ་གྱོན་མྱོང་མེད་པས་གྲང་ངར་ཆེ་བའི་དགུན་དུས་སུ་རྐང་པ་འཁྱགས་ནས་སྦོས་ཀྱི་འདུག ཟ་རྒྱུ་དེ་བས་གླེང་ཐབས་བྲལ། ཉིན་ལྟར་རྩམ་པ་ཏོག་ཙམ་ལས་མེད་པས་ལྟོ་གྲོད་པ་རྒྱགས་པ་ཐེངས་གཅིག་ཀྱང་ཟ་མྱོང་མེད། ཕས་རི་སྟེང་ནས་བཏུས་པའི་སྔོ་ཚོད་མེད་ཕྱིན་ད་ཆ་ང་གསོན་པོར་སྡོད་ག་ལ་ཐུབ”ཅེས་རྒན་མོ་ཚེ་རིང་སྒྲོལ་དཀར་གྱིས་བརྗོད་པ་དང་། ཁོང་གིས་ཇ་ཕོར་ཆུང་ཆུང་ཞིག་ཁྱེར་ནས་ང་ཚོར་སྟོན་བཞིན་བོད་རྙིང་པར་ངས་ཉིན་ལྟར་ཟས་པའི་རྩམ་པས་ཕོར་པ་འདི་ཡང་ཁེངས་ཀྱི་མ་རེད་ཅེས་བརྗོད་ཀྱི་འདུག

    མུན་ནག་གི་ལོ་ཟླ་དེར་གཞུ་མོ་གྲོང་ཚོའི་ཞིང་བྲན་དུད་ཚང་20ལྷག་ཙམ་ངལ་རྩོལ་འཕྲུལ་ཆས་བཞིན་དུ་ལྡིར་སྒྲ་དང་བཅས་ཞོགས་སྔ་པོ་ནས་ལས་ཀ་བྱེད་དགོས་པ་དང་མཚན་ཕྱི་པོའི་བར་ལས་མཚམས་འཇོག་གི་མེད་པས་དཀའ་ལས་ཇི་ལྟར་བརྒྱབ་ནའང་། ཐོབ་ཆ་གང་ཡང་མེད་པའི་ཁར་ད་དུང་རྟག་ཏུ་ཉེས་རྡུང་ཚད་མེད་གཟེད་དགོས་ཀྱི་ཡོད།

    རྒན་མོ་ཚེ་རིང་སྒྲོལ་དཀར་གྱིས“ཐེངས་ཤིག་ཕྱག་མཛོད་ཀྱིས་ང་རང་ལུག་འཚོ་བར་བཏང་བྱུང་། ཡིན་ནའང་སྐབས་དེ་དུས་ང་རང་ལོ་ན་ཕྲ་བས་རྩེད་མོར་དགའ་པོ་ཡོད་སྟབས་ལུག་ཞིང་ཁའི་ནང་ཤོར་ཏེ་ལྗང་པ་བཟས་པ་དོ་སྣང་མ་བྱུང་། ཕྱག་མཛོད་ཀྱིས་ཤེས་རྗེས། ང་རང་ཤིང་སྡོང་ལ་བསྡམས་ནས་གདོང་དང་ལུས་ལ་རྟ་ལྕག་ཚད་མེད་གཞུས་བྱུང་། ངའི་ལུས་པོ་ཡོངས་རྫོགས་སྨུག་ཐིག་གིས་ཁེངས་པ་དང་། དུས་དེ་ནས་བཟུང་རྟ་ལྕག་དང་། ལྕགས་སྒྲོག དབྱུག་པ་སོགས་ཀྱི་ཁྲིམས་ཆས་མཐོང་རིམ་བཞིན་ཞེད་སྣང་ཆེན་པོ་སྐྱེ་གི་འདུག”ཅེས་བརྗོད་ཀྱི་འདུག

    “ད་ཆ་བསམ་བློ་གཏོང་དུས་སྐབས་དེ་དུས་ཀྱི་འཚོ་བ་ནི་མིའི་འཚོ་བ་གཏན་ནས་མ་རེད། ད་གཡུག་ཞོག དེའི་སྐོར་མ་གླེང”ཞེས་རྒན་མོ་ཚེ་རིང་སྒྲོལ་དཀར་གྱིས་དབུགས་རིང་གཏོང་བཞིན་བརྗོད་པ་དང་། ཁོང་གིས་ལག་གཡུག་གཡུག་བྱེད་པ་དང་ཆབས་ཅིག་ཞྭ་མོའི་ཟུར་ནས་སྐྲ་དཀར་པོ་ལྷེབ་ཙམ་ཐོན་ཞིང་། དཀའ་སྡུག་ཆེ་བའི་འདས་དོན་དེ་དག་ཁོང་གི་ངོས་ནས་བརྗོད་ན་ཕྱིར་དྲན་བྱེད་ཐེངས་རེ་རེ་བཞིན་སྐྱོ་སྣང་སྐྱེས་དགོས་པ་ཞིག་རེད།

    “ཤར་ཕྱོགས་སྤྲིན་བཟང་དཀར་པོ། བརྒྱབ་པའི་ལྷན་པ་མ་རེད། ཉི་མ་སྤྲིན་པའི་འོག་ནས། དྭངས་བའི་དུས་ཤིག་ཤར་ཡོང”ཞེས་པ་ལྟར་རེད།

    མནར་རྡུང་ཚད་མེད་ཕོག་ནས་ཤི་བའི་བྲན་གཡོག་དང་བསྡུར་ན་རྒན་མོ་ཚེ་རིང་སྒྲོལ་དཀར་བསོད་བདེ་ཆེན་པོ་ཡིན་ཞིང་། ཁོང་གིས“1959ལོའི་དཔྱིད་ཀ་ང་ཚོར་དམངས་གཙོའི་བཅོས་སྒྱུར་བྱས་པ་དང་བཅིངས་འགྲོལ་དམག་མི་ཕེབས་བྱུང”ཞེས་བརྗོད་ཀྱི་འདུག

    བཅིངས་འགྲོལ་དམག་མི་ཡོང་སྐབས་ཚེ་རིང་སྒྲོལ་དཀར་ཞིང་ནང་དུ་ས་བོན་བཤོ་བཞིན་ཡོད་པ་དང་། “ང་ཚོ་སྐབས་དེ་དུས་ཞེད་སྣང་ཆེན་པོ་སྐྱེས་བྱུང་། འོ་དེ་གུང་རྒྱལ་གངས་རིའི་འདབས་སུ་བྲོས་རྒྱུའི་བསམ་བློ་ཡང་འཁོར་བྱུང་། ཡིན་ནའང་དེར་སླེབས་ནས་གང་འདྲ་བྱེད་མིན་ཤེས་མ་བྱུང་། བཅིངས་འགྲོལ་དམག་དང་ལས་དོན་རུ་ཁག་གི་ལས་བྱེད་པ་དཔལ་རིན་ཆེན་དང་། རྒན་ཝང་ལགས། སྐད་སྒྱུར་བཀྲ་ཤིས་བཅས་ཀྱིས་ང་ཚོ་བསྐོངས་ནས་ཚང་མར་རང་དབང་ཐོབ་པ་རེད། སླད་ཕྱིན་གཞིས་ཀའི་བདག་པོར་ལས་ཀ་བྱེད་མི་དགོས་ཞེས་བརྗོད་པ་མ་ཟད། ད་དུང་ང་ཚོར་ས་ཞིང་བགོ་བཤའ་བརྒྱབ་བྱུང”ཞེས་ཚེ་རིང་སྒྲོལ་དཀར་གྱིས་ཕྱིར་དྲན་བྱེད་བཞིན་བརྗོད། ཁྱིམ་ལ་ས་ཞིང་མུའུ་20དང་། ལུག་20 བ་ཕྱུགས་1བཅས་བགོ་བཤའ་ཐོབ་པ་མ་ཟད། ལུག་ཚང་ནས་གཞིས་ཀའི་ཐོག་སོ་གཉིས་པའི་ནང་སྤོས་རྗེས་ཁོང་གིས་རང་ཉིད་ཡར་ལངས་བྱུང་ནས་བདག་པོར་གྱུར་བར་དངོས་འབྲེལ་ཡིད་ཆེས་སྐྱེས། དུས་དེ་ནས་བཟུང་ཁོང་གིས་བློ་གཅིག་སེམས་གཅིག་ངང་ཏང་གི་རྗེས་སུ་འབྲང་རྒྱུའི་བློ་ཐག་བཅད།

    གཞན་གྱི་བསྔགས་བརྗོད་ཐོབ་ལ། ལས་ལ་བརྩོན་པས་ཚེ་རིང་སྒྲོལ་དཀར་ལ་ཏང་རྩ་འཛུགས་དང་གྲོང་མིའི་ཡིད་ཆེས་ཐོབ་པ་དང་། དམངས་གཙོའི་བཅོས་སྒྱུར་བྱས་པའི་ལོ་དེར་ཚེ་རིང་སྒྲོལ་དཀར་ཐོན་སྐྱེད་ཚོགས་ཆུང་གི་ཙུའུ་ཀྲང་ལ་བདམས་ནས་གཞུ་མོ་གྲོང་ཚོའི་བུད་མེད་ལས་བྱེད་པ་དང་པོར་གྱུར། 1966ལོར་ཚེ་རིང་སྒྲོལ་དཀར་གཟི་བརྗིད་ལྡན་པའི་ངང་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་ནས་ཟངས་རི་རྫོང་གི་གྲོང་གསེབ་ཏང་ཀྲི་པུའུ་དང་པོ་སྟེ། གཞུ་མོ་གྲོང་ཚོའི་ཏང་ཀྲི་པུའི་ཁོངས་མི་ཞིག་ཏུ་གྱུར། དེ་རྗེས་ཁོང་གིས་སླར་ཡང་སྔ་རྗེས་སུ་བུད་མེད་ཀྲུའུ་རེན་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་ཁུར་ནས་གྲོང་མིར་ཞིང་འདེབས་རོགས་དང་། ཆུ་ལེན་རོགས། མེ་ཤིང་སྒྲུག་རོགས། འབྲུ་རིགས་བསྡུ་རོགས་བཅས་བྱས་པས་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་མགྲིན་གཅིག་ཏུ་ཐོབ་ཡོད།

    ལྟོས་གྲོད་པ་མི་རྒྱགས་པ་དང་གནས་བབ་ཆེས་དམན་པའི“ནང་ཟན”ནས་ཚང་མས་བསྔགས་བརྗོད་བྱེད་པའི་བུད་མེད་ལས་བྱེད་པའི་བར་ཚ་ཚ་འུར་འུར་གྱི་དམངས་གཙོའི་བཅོས་སྒྱུར་ཁྲོད་ཚེ་རིང་སྒྲོལ་དཀར་གྱི་ལས་དབང་ལ་རྦད་དེ་འགྱུར་ལྡོག་བྱུང་ཡོད།

    རྔམ་བརྗིད་ལྡན་པའི་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ནས་ཚེ་རིང་སྒྲོལ་དཀར་ཁྱིམ་གྱི་འཚོ་བའང་ཉིན་རེ་བཞིན་ཇེ་ལེགས་སུ་ཕྱིན།

    1999ལོར་ཁོང་ཁྱིམ་གྱིས་རྡོ་རྩིག་ཁང་པ་བསྐྲུན་པ་དང་། 2008ལོར་སྨི་ངོས་གྲུ་139.9ཟིན་པའི་བདེ་སྡོད་ཁང་པར་སྤོས། ཁྱིམ་དུ་སྔ་རྗེས་སུ་ཐོ་ཕྲུག་དང་སྦག་སྦག་འཁོར་ལོ་ཉོས་པ་དང་། 2007ལོར་ཚེ་རིང་སྒྲོལ་དཀར་ཐེངས་དང་པོ་ལྷོ་ཁ་ནས་ཐོན་ནས་ལྷ་སར་བསྐྱོད་པ། བུ་ཚེ་རིང་རྡོ་རྗེས་ཤིང་བཟོ་སྦྱངས་ནས་གྲོང་ཚོའི་བོད་བཟོའི་འཛིན་ཆས་ཆེད་ལས་མཉམ་ལས་ཁང་གི་ཁོངས་མི་ཞིག་ཏུ་གྱུར་བ། ཚ་བོ་གཉིས་ནས་གཅིག་ཧྥུའུ་ཅན་དུ་སློབ་ཆེན་འགྲིམ་བཞིན་ཡོད་པ་དང་། ཅིག་ཤོས་དེ་རྩེད་ཐང་དུ་མཐོ་རིམ་སློབ་འབྲིང་འགྲིམ་བཞིན་ཡོད།

    ཚེ་རིང་སྒྲོལ་དཀར་གྱིས“ད་ཆ་ངར་ལོ་གཅིག་ལ་སྒོར་7000ལྷག་ཙམ་གྱི‘རྒན་གསུམ’ཁ་གསབ་དངུལ་ལེན་རྒྱུ་ཡོད་ལ། ད་དུང་ཁྱིམ་ལ་ཀུན་ཕན་རང་བཞིན་གྱི་ས་ཞིང་དང་། རྩྭ་ར། ནགས་སྲུང་སོགས་ཀྱི་ཁ་གསབ་རོགས་དངུལ་ལེན་རྒྱུ་ཡོད། བུ་ཤིང་བཟོ་བ་ཡིན་པ་དང་ཕྱིར་གླ་པ་རྒྱུག་པར་བསྐྱོད་ན་ཡོང་འབབ་གསོག་ཐུབ་པས། དཔལ་འབྱོར་ཐད་དཀའ་ངལ་དེ་ཙམ་ཆེན་པོ་མི་འདུག”ཅེས་བརྗོད་ཀྱི་འདུག

    “2017ལོར་ང་ལ་ཁྲག་རྩ་འགག་པའི་ནད་ཕོག་ནས་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་དུ་ཟླ་ཕྱེད་ལྷག་ཙམ་སྨན་བཅོས་བྱས་ནས་བསྡད་པ་ཡིན། སྨན་རིན་སྒོར་ཁྲི་1ལྷག་ཙམ་ཕྱིན་ཡང་སྨན་བཅོས་འགན་བཅོལ་ནས་སྨན་རིན་སྒོར་9000རྩིས་ཞུ་ཐུབ་བྱུང་བས་སྨན་རིན་ཕྲན་བུ་ལས་སྤྲོད་དགོས་མ་བྱུང་། སྔོན་ཆད་བོད་རྙིང་པའི་སྐབས་གཞིས་ཀའི་བདག་པོས་ང་ཚོའི་འཆི་གསོན་ལ་ཁ་ཡ་བྱེད་ཀྱི་མེད”ཅེས་ཚེ་རིང་སྒྲོལ་དཀར་གྱིས་མྱོང་ཚོར་ཟབ་མོས་བརྗོད། ད་དུང་ཁོང་གིས་ངའི་མིག་ལ་སྐྱ་གྲིབ་ཕོག་ནས་མིག་ཤེད་ཡག་པོ་མེད། སྨན་པས་བརྟག་དཔྱད་བྱས་རྗེས་སྐྱ་སྒྲིབ་སྨིན་ན་རིན་མེད་གཤགས་བཅོས་བྱེད་ཆོག་ཟེར་གྱི་འདུག་ཅེས་གསར་འགོད་པར་བརྗོད་ཀྱི་འདུག

    དཀའ་སྡུག་ཚད་མེད་མྱངས་པའི་མིས་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་ལས་སླ་པོར་བྱུང་བ་ཞིག་མིན་པ་གསལ་པོར་ཤེས་ཤིང་། ཚེ་རིང་སྒྲོལ་དཀར་ནི་ལོ་རྒྱུས་ཀྱི་བདེན་དཔང་མཁན་དང་། དམངས་གཙོའི་བཅོས་སྒྱུར་བརྒྱུད་མྱོང་མཁན། དུས་རབས་གསར་པའི་ཕན་པ་ཐོབ་མཁན་བཅས་རེད། ད་ཆ་ལོ་བརྒྱད་ཅུ་ལྷག་ཙམ་ལ་སླེབས་པའི་ཁོང་ཞི་ལྷོད་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད་ཅིང་། “ད་དུང་ལོ་མང་པོ་གསོན་པོར་སྡོད་འདོད་ཡོད་ལ། ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ལོངས་སྤྱོད་མང་ཙམ་བྱེད་འདོད་ཡོད་པ”ནི་ཁོང་གི་བསམ་འདུན་ཆེ་ཤོས་དེ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001379152221