བོད་ལྗོངས།
བོད་ལྗོངས་ཀྱིས“1+7”རོགས་སྐྱོར་ཐོབ་པའི་སྨན་ཁང་འཛུགས་སྐྲུན་ལ་གནད་སྨིན་སྐུལ་འདེད་བཏང་བ།

    མང་ཚོགས་ཀྱི་བདེ་ཐང་སྔར་བས་འགན་ལེན་ཡག་པོ་ཐུབ་པ།

    སྨན་དོན་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་ནས་ལོ་བཞིའི་རིང་ཕྱོགས་གཉིས་པོས“ལུགས་མཐུན་དང་། མངོན་འགྱུར་ཆོག་པ། རྒྱུན་མཐུད་ཆོག་པ། གདེང་འཇོག་རུང་བ”བཅས་ཀྱི་སྤྱིའི་བླང་བྱ་ལས་ཀའི་ཐོག་མཐའ་བར་གསུམ་དུ་ཁྱབ་རྒྱུ་མཐའ་འཁྱོངས་བྱས་པ་དང“1+7”རོགས་སྐྱོར་ཐོབ་པའི་སྨན་ཁང་འཛུགས་སྐྲུན(རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་ས་ཁུལ་དང་གྲོང་ཁྱེར་7གྱི་མི་དམངས་སྨན་ཁང)ལ་འཕེལ་རྒྱས་ཆེན་པོ་བྱུང་ནས་དུད་ཚང་ཁྲི་སྟོང་ལ་བདེ་ཐང་ཡོང་བ་བྱས་ཡོད། མིག་སྔར“ནད་ཆེན”རིགས་367རང་སྐྱོང་ལྗོངས་ནས་བཅོས་ཐུབ་པ་དང“ནད་འབྲིང”རིགས་2208ས་ཁུལ་དང་གྲོང་ཁྱེར་ནས་བཅོས་ཐུབ་པས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་སྔར་བས་འགན་ལེན་ཡག་པོ་ཐུབ་ཡོད་པ་རེད།

    གསོ་སྦྱོང་དང་ནང་འདྲེན་ཟུང་འབྲེལ་བྱས་ནས་ས་གནས་འདི་གའི་སྨན་དོན་ཤེས་ལྡན་མི་སྣའི་དཔུང་ཁག་སྟོབས་ཆེར་བཏང་ཞིང་། རང་ལྗོངས་ཀྱིས“ནམ་ཡང་གནས་པའི་སྨན་བཅོས་རུ་ཁག་གཅིག་གཏོད་རྒྱུ”ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས“ཚོགས་པས་ཚོགས་པའི་སྣེ་ཁྲིད་པ”དང་། “རིགས་གཅིག་མཁས་ཅན་གྱིས་རྐང་འཛིན་པའི་སྣེ་ཁྲིད་པ”“དགེ་རྒན་གྱིས་དགེ་ཕྲུག་གི་སྣེ་ཁྲིད་པ”སོགས་ཀྱི་ཐབས་ལམ་བརྒྱུད་བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་རོགས་སྐྱོར་ཐོབ་མཁན་སྨན་ཁང་ལ་སྨན་དོན་རྐང་འཛིན་པ་1100ལྷག་ཙམ་རོགས་ཁྲིད་དང་གསོ་སྐྱོང་བྱས་ཤིང་། དེ་དང་དུས་མཚུངས《ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་རང་སྐྱོང་ལྗོངས་དང་ས་ཁུལ་དང་གྲོང་ཁྱེར་ཁག་གི་མི་དམངས་སྨན་ཁང་གི་སྨན་དོན་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གྲོས་འགོའི》སྲིད་ཇུས་བཏོན་པ་དང་ཤེས་ལྡན་མི་སྣ་ནང་འདྲེན་དང་ཡོངས་བསྒྲགས་ངང་ལས་མི་བསྡུ་བ་སོགས་ཀྱི་ཐབས་ལ་བརྟེན་ནས“1+7”གྱི་སྨན་ཁང་ལ་ཁ་ཐང་བའི་སྨན་དོན་ཤེས་ལྡན་མི་སྣ་1549ཁ་གསབ་བྱས་པ་མ་ཟད། ནང་སའི་ཞིང་ཆེན་དང་གྲོང་ཁྱེར་ཁག་ནས་ཐེམ་ཁུངས་བོད་ནས་མིན་པའི་གསོ་རིག་སློབ་ཐོན་སློབ་མ་360ལྷག་ཙམ་ཆེད་མངགས་བསྡུས་ཡོད་པ་རེད།

    “སྨན་ཁང་གིས་ཚན་ཁག་འགན་གཙང་བླངས་ནས”གཙོ་གནད་ཚན་ཁག་བཏོད་ཅིང་། “སྨན་ཁང་གིས་ཚན་ཁག་འགན་གཙང་ལེན་རྒྱུ”ཚད་བརྒལ་དུ་བྱེད་པ་དང“1+7”རོགས་སྐྱོར་ཐོབ་པའི་སྨན་ཁང་གིས་རོགས་སྐྱོར་བྱེད་མཁན་སྨན་ཁང་གི་སྨན་བཅོས་དོ་དམ་ལེགས་ཆར་གང་ལེགས་བརྟེན་ནས་སྙིང་ནད་ཚན་ཁག་དང་བུད་མེད་དང་བུ་བཙའི་ཚན་ཁག་སོགས་ཚན་ཁག་85གཙོ་གནད་ཐོག་བཙུགས་ཡོད་པ་རེད། ལོ་བཞིའི་རིང“1+7”རོགས་སྐྱོར་ཐོབ་པའི་སྨན་ཁང་གིས་ནང་སའི་སྔོན་ཐོན་ཉམས་མྱོང་དང་ལག་རྩལ་གྲུབ་འབྲས་ཁག་900ལྷག་ཙམ་ལ་མིག་དཔེ་བལྟས་ནས་ས་ཁོངས་ནང་གི་སྨན་བཅོས་ལག་རྩལ་ཁྱབ་ཁོངས་ཀྱི་སྟོང་ཆ་ཁག་1200ལྷག་ཙམ་བསྐངས་པ་དང་2018ལོར་རོགས་སྐྱོར་ཐོབ་པའི་སྨན་ཁང་གི་སྒོ་བསྟེན་སྨན་བཅོས་བྱེད་ཚད་དང་། ཞག་སྡོད་སྨན་བཅོས་བྱེད་ཚད། གཤགས་བཅོས་བྱེད་ཚད་བཅས་2014ལོ་ལས37.56%དང་། 76.23% 76%བཅས་སོ་སོ་འཕར་ཡོད་པ་རེད།

    སྒྱུར་བཅོས་གསར་གཏོད་ལ་བརྟེན་ནས་སྨན་ཁང་གི་གསོན་ཤུགས་འཕེལ་བ་བྱས་ཤིང་། “1+7”རོགས་སྐྱོར་ཐོབ་པའི་སྨན་ཁང་གིས་ཡོན་ཀྲང་དང་། ཡོན་ཀྲང་གཞོན་པ། ཚན་ཁག་གི་ཀྲུའུ་རེན་སོགས་ལས་གནས་གཙོ་བོར་མངགས་ནས་མི་དོན་དབང་ཆ་དང་། བཀོད་སྒྲིག་དབང་ཆ། ཉོ་སྒྲུབ་དབང་ཆ་སོགས་ཕྱོགས་ཡོངས་ནས་གཤམ་སྤྲོད་བྱས་ཏེ་བོད་སྐྱོར་རིགས་གཅིག་མཁས་ཅན་ལ་ལས་སྒྲུབ་ལས་སྟེགས་ཡོད་པ་བྱས་ཡོད། སྤུས་ཚད་ཀྱི་བདེ་འཇགས་དང་། ལས་རྗེས་དཔྱད་ཞིབ། ཚན་ཞིབ་ཆ་འཕྲིན་སོགས་སྨན་ཁང་ནང་ཁུལ་གྱི་དོ་དམ་ལམ་ལུགས་5400ལྷག་ཙམ་འཐུས་སྒོ་ཚང་དུ་དང་ལས་སྒོའི་གོ་རིམ་370ལྷག་ཙམ་ལེགས་སུ་བཏང་བ་དང་སླར་ཡང་བཏོད་ནས“1+7”རོགས་སྐྱོར་ཐོབ་མཁན་སྨན་ཁང་གི་ནད་པའི་བློ་ཡིད་ཚིམ་ཚད་2014ལོ་དང་བསྡུར་ན་89%ནས་97%བར་འཕར་ཡོད།

    རིམ་པ་གསར་གཏོད་ལ་བརྟེན་ནས་སྨན་ཁང་གི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་རུ་བཏང་ཞིང་། “1+7”རོགས་སྐྱོར་ཐོབ་པའི་སྨན་ཁང་འཛུགས་སྐྲུན་བྱ་རྒྱུ་དེ་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ནང་བཅུག་ནས་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་པ་དང་རིགས་ཁག་གི་མ་དངུལ་སྒོར་དུང་ཕྱུར་30ལྷག་ཙམ་བསྡུ་སྒྲིལ་བྱས་ནས་སྨན་ཁང་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་བྱས་པ་མ་ཟད། རིམ་པ་གཏོད་པའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད། མིག་སྔར་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་རབ་གྲས་ཀ་པ་རིམ་པ་གསུམ་པ་རྒྱུན་ཆད་མེད་པར་རིམ་སྤོར་བྱེད་བཞིན་ཡོད་པ་དང་ལྷ་ས་དང་། གཞིས་རྩེ། ལྷོ་ཁ། ཉིང་ཁྲི ཆབ་མདོ། ནག་ཆུ་བཅས་གྲོང་ཁྱེར་6གི་མི་དམངས་སྨན་ཁང་གཅིག་རྗེས་གཉིས་མཐུད་ངང་ཀ་པ་རིམ་པ་གསུམ་པར་འགྱུར་བ་དང་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་ཁ་པ་རིམ་པ་གསུམ་པར་འགྱུར་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001386664491