བོད་ལྗོངས།
བོད་ལྗོངས་གནམ་གཤིས་སྡེ་ཚན་གྱིས་དཔྱིད་གསར་སྐྱེལ་འདྲེན་རིང་གནམ་གཤིས་སྔོན་བརྡའི་ལས་དོན་ཞིབ་ཕྲ་སྤེལ་རྒྱུ་ཡིན་པ།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་1ཚེས་8ཉིན་གློག་འཕྲིན་འབྱོར་གསལ། བོད་རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་ཚེས་7ཉིན་འདི་ལོའི《དཔྱིད་གསར་སྐྱེལ་འདྲེན་རིང་གི་གནམ་གཤིས་ཞབས་ཞུའི་ཆེད་དོན་སྔོན་བརྡ》ཐོག་མ་ཡོངས་བསྒྲགས་བྱས་ནས། 2020ལོའི་ལྗོངས་ཡོངས་ཀྱི་དཔྱིད་གསར་སྐྱེལ་འདྲེན་རིང་གི་གནམ་གཤིས་ཞབས་ཞུ་འགན་ལེན་གྱི་ལས་དོན་དངོས་སུ་སྤེལ་འགོ་བཙུགས་པ་རེད། སྔོན་དཔག་ལྟར་ན། དཔྱིད་གསར་སྐྱེལ་འདྲེན་རིང་ལྗོངས་ཡོངས་ཀྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་145.8ཟིན་རྒྱུ་ཡིན་པ་དེ་ལོ་གོང་མའི་དཔྱིད་གསར་སྐྱེལ་འདྲེན་ལས་5.4%འཕར་སྲིད། གནམ་གཤིས་ཀྱི་གནས་ཚུལ་ལ་གཞིགས་ན། འདི་ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་ལྗོངས་ཡོངས་ཀྱི་ས་གནས་ཁག་ཏུ་དྲོད་ཚད་མངོན་གསལ་དོད་པོས་ཆག་པ་དང་། ནག་ཆུ་དང་། ཆབ་མདོ། ཉིང་ཁྲི་སོགས་ས་ཁུལ་དུ་ཁ་བ་འབབ་སྲིད་པས་དཔྱིད་གསར་སྐྱེལ་འདྲེན་རིང་གི་གནམ་གཤིས་ཞབས་ཞུ་འགན་ལེན་ཐད་འགྲན་སློང་ཆེ་ཙམ་འཕྲད་སྲིད། འགྲུལ་པས་གནམ་གཤིས་སྔོན་བརྡར་གཞིགས་ནས་ཕྱོགས་ཐོན་ལ་སྟབས་བདེ་བསྐྲུན་ཆེད། བོད་ལྗོངས་གནམ་གཤིས་སྡེ་ཚན་གྱིས་བརྙན་འཕྲིན་དང་། རླུང་འཕྲིན། འཕྲིན་ཐུང་། སྨྱན་སྦྱོར་གསར་པ། གློག་རྡུལ་བརྙན་ཤེལ་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད་གནམ་གཤིས་སྔོན་བརྡའི་ཆ་འཕྲིན་དང་། གནམ་གཤིས་དངོས་ཡོད་ཆ་འཕྲིན། དེ་བཞིན་འཚོ་བའི་གནམ་གཤིས་སྟོན་གྲངས་བཅས་དུས་ཐོག་ཏུ་ཡོངས་བསྒྲགས་བྱ་རྒྱུ་རེད། གནོད་འཚེ་ཚབས་ཆེ་བའི་གནམ་གཤིས་སྟོན་སྐབས་ད་དུང་བོད་རྒྱ་སྐད་གཉིས་ཀྱི་བརྡ་གཏོང་མ་ལག་བརྒྱུད་ཞིང་འབྲོག་པ་མང་ཚོགས་ལ་བོད་སྐད་ཀྱི་གནམ་གཤིས་ཀྱི་སྔོན་བརྡ་དང་ཉེན་བརྡའི་ཆ་འཕྲིན་བཏང་ནས་གནམ་གཤིས་ཀྱི་གནོད་འཚེ་ཚབས་ཆེན་སྔོན་བརྡ་དང་ཉེན་བརྡ་གཏོང་སྐབས་ཁུག་ཆ་མི་ལུས་པའི་འགན་ལེན་བྱ་རྒྱུ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཟླ་1ཚེས་7ཉིན་ནས་བཟུང་བོད་རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་ཉིན་ལྟར《དཔྱིད་གསར་སྐྱེལ་འདྲེན་རིང་གི་གནམ་གཤིས་ཞབས་ཞུའི་ཆེད་དོན་སྔོན་བརྡ》སྒྲིག་བཟོ་བྱས་ནས་ཐེངས་གཅིག་གཏོང་རྒྱུ་ཡིན་པ་དེའི་ནང་ལྗོངས་ཡོངས་ཀྱི་ཆུ་ཚོད་48རིང་གི་གནམ་གཤིས་སྔོན་བརྡ་དང་། ལྗོངས་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་སྔོན་བརྡ། མཚོ་བོད་ལྕགས་ལམ་བོད་ལྗོངས་ལམ་དུམ་རྒྱུད་ཀྱི་གནམ་གཤིས་སྔོན་བརྡ་སོགས་ཚུད་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001386933461