བོད་ལྗོངས།
བོད་དུ་ཤང་གྲོང་དབུལ་པོ་685ལ་རང་འགུལ་གནམ་གཤིས་ས་ཚིགས་ཡོངས་སུ་ཁྱབ་པ།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། གནད་སྨིན་དབུལ་སྐྱོར་གྱི་རང་འགུལ་གནམ་གཤིས་ས་ཚིགས་490བསྐྲུན་པ་མ་ཟད་བེད་སྤྱོད་གཏོང་འགོ་ཚུགས་པ་དང་བསྟུན་ནས་བོད་དུ་ཤང་གྲོང་དབུལ་པོ་685ལ་རང་འགུལ་གནམ་གཤིས་ས་ཚིགས་ཡོངས་སུ་ཁྱབ་པའི་དམིགས་ཚད་སྔ་སྣུར་དུ་མངོན་འགྱུར་བྱུང་ཡོད། བྱེད་ཐབས་དེས་བོད་ཀྱི་ས་ངོས་གནམ་གཤིས་ལྟ་དཔྱད་ཚད་ལེན་ས་ཚིགས་ཧ་ཅང་དཀོན་པའི་གནས་བབ་ལ་རྩ་བའི་ཐོག་ནས་འགྱུར་ལྡོག་བཏང་ཞིང་། ཤང་དང་གྲོང་རྡལ་དབུལ་པོར་གནམ་གཤིས་གནོད་འཚེ་ལྟ་ཞིབ་ཚད་ལེན་ཁྱབ་མེད་པའི་ཁུལ་ཁྱོན་ཡོངས་ནས་མེད་པ་བཟོས་ཡོད།

    ཚེས་9ཉིན་གསར་འགོད་པར་བོད་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ནས་ཤེས་རྟོགས་བྱུང་བར། མིག་སྔར་བོད་ཀྱི་ཤང་གྲོང་གི་རང་འགུལ་གནམ་གཤིས་ས་ཚིགས་ཁྱབ་ཚད་དེ་2018ལོའི་28.47%ནས་2019ལོའི་ལོ་མཇུག་གི་100%བར་མཐོ་རུ་ཕྱིན་པ་དང་། ས་ངོས་གནམ་གཤིས་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་དྲ་བ་ཁྱབ་ཚད་དེ་2004ལོའི་ཆ་སྙོམས་སྤྱི་ལེ་ངོས་གྲུ་རེར་0.3ནས་6.2བར་མཐོ་རུ་ཕྱིན་ཡོད་ཅིང་། རིགས་མི་འདྲ་བའི་ས་ངོས་གནམ་གཤིས་ས་ཚིགས་ཀྱི་སྡོམ་འབོར་756ཟིན་ཡོད། མ་ཟད་རྫོང་ཚང་མར་གནམ་གཤིས་ཅུས་ཡོད་པ་དང་ཤང་ཚང་མར་གནམ་གཤིས་ས་ཚིགས་ཡོད་པ་ལེགས་གྲུབ་བྱུང་ཡོད།

    “གནམ་གཤིས་ས་ཚིགས་བསྐྲུན་པ་དེས་གནམ་གཤིས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་དུ་གཏོང་བ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སོགས་ལ་གནམ་གཤིས་ཀྱི་འགན་ལེན་མཁོ་འདོན་བྱས་ཡོད”ཅེས་བོད་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ལྷག་སྒྲོན་གྱིས་བཤད་པ་དང་། ཁོང་གིས“ལྟ་ཞིབ་ཚད་ལེན་ས་ཚིགས་དྲ་བ་སྤྱོད་འགོ་ཚུགས་པ་དང་བསྟུན་ནས་ས་ངོས་ཀྱི་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་གྲངས་གཞིས་མཚོ་བོད་ས་མཐོའི་དམིགས་བསལ་གྱི་གནམ་གཤིས་ཁྱད་ཆོས་ལ་ཞིབ་འཇུག་དང་། ས་དབྱིབས་ཀྱིས་གནམ་གཤིས་ལ་ཤུགས་རྐྱེན་ཐེབས་པའི་ཞིབ་འཇུག དྲ་མིག་ཅན་གྱི་ཕྲ་ཞིབ་སྔོན་བརྡ་སོགས་ཀྱི་ལས་དོན་ལ་ཐད་ཀའི་ཕན་འབྲས་དེ་བས་མང་བ་ཐོན་རྒྱུ་རེད”ཅེས་བརྗོད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001386935031