བོད་ལྗོངས།
བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི་107ལས་བརྒལ་བ།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། གསར་འགོད་པར་བོད་ལྗོངས་ཀྱི་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གྱི་ལས་དོན་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བར། བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཕྱོགས་བསྡུས་ཐེག་ནུས་དང་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་རྒྱུན་མི་ཆད་པར་ཆེ་རུ་ཕྱིན་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ནུས་པ་ཉིན་རེ་ལས་མ་འདས་པར་འཐུས་སྒོ་ཚང་དུ་ཕྱིན་ཡོད། མིག་སྔར་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི་107ལྷག་ཙམ་ཟིན་པ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་སྔོན་དཔག་བྱས་ན་32%ཟིན་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རིམ་མགྱོགས་སུ་གཏོང་བ་དང་ཁྱད་ལྡན་གྲོང་རྡལ་ཆུང་ཆུང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་གིས་ཚོང་འགུག་མ་འདྲེན་དང་སྤྱི་ཚོགས་ཀྱི་མ་རྩ་ནང་འདྲེན་སོགས་བརྒྱུད་མ་དངུལ་སྒོར་དུང་ཕྱུར་86བཏང་ནས་ཁྱད་ལྡན་གྲོང་ཁྱེར་དང་གྲོང་རྡལ་ཆུང་ཆུང་26བསྐྲུན་རྒྱུར་སྐུལ་འདེད་བཏང་ཞིང་། དཀྱིལ་ཐང་དང་ཆུ་ཚན་ཁ་སོགས་མི་རིགས་ཀྱི་རིག་གནས་འགྲེམས་སྟོན་དང་ཁྱད་ལྡན་ཡུལ་སྐོར་འཕེལ་རྒྱས་གཏོང་བ། སྤྲོ་གསེང་དང་མཐའ་མཚམས་ཚོང་དོན་ཟོག་འགྲུལ་འདུས་པ་བཅས་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་ཆུང་ཁག་གཅིག་བསྐྲུན་ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་གི་ཐིང་ཀྲང་བསོད་ནམས་ཉི་མས། གོམ་སྟབས་རྗེས་མར་ལྟེ་བའི་གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་དང་། ལྷ་ས་སོགས་གྲོང་ཁྱེར་གྱིས“མཚན་མོའི་དཔལ་འབྱོར”གཙོ་གནད་དུ་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ། མི་འབོར་མང་བ་དང་རྨང་གཞི་ལེགས་པ། མི་མངོན་པའི་སྟོབས་ཤུགས་ཆེ་བ་བཅས་ཀྱི་རྫོང་གྲོང་ཁག་གཅིག་གི་སྒྲིག་ཆས་ཆ་རྐྱེན་ལེགས་སུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་གཙོ་གནད་རྫོང་གྲོང་དུ་བཀོད་སྒྲིག་བྱ་རྒྱུར་ཁྲིད་སྟོན་བྱེད་པ་བཅས་ཀྱི་ཐོག་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསལ་སྟོན་བྱས།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001386935861