བོད་ལྗོངས།
དུས་ཚོད་དེའི་རིང་བོད་དུ་ཕེབས་མི་རུང་བའི་མཛའ་བརྩེའི་དྲན་སྐུལ་ཞུས་པ།

    “ཁྱེད་དང་ནང་མིའི་བདེ་ཐང་ཆེད་དུ་ང་ཚོས་ཁྱེད་ལ་དུས་ཚོད་དེའི་རིང་བོད་དུ་ཡོང་མི་རུང་བའི་མཛའ་བརྩེའི་དྲན་སྐུལ་ཞུ་རྒྱུ་དང་། རིམས་ནད་ཚོད་འཛིན་བྱུང་རྗེས་སླར་ཡང་ལྷ་སར་ལྟ་སྐོར་དང་ཡུལ་སྐོར་ལ་ཡོང་བར་དགའ་བསུ་ཞུ་གི་ཡིན”ཞེས་བོད་ལྗོངས་ལྷ་ས་གྲོང་ཁྱེར་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་མཉམ་དུ་སྔོན་འགོག་དང་མཉམ་དུ་ཚོད་འཛིན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས《མཛའ་བརྩེའི་དྲན་སྐུལ》ཁྱབ་བསྒྲགས་བྱས་པ་རེད།

    བོད་ནི་ས་མཐོར་གནས་པ་དང་སྨན་བཅོས་སྐྱོབ་བཅོས་ཀྱི་ཆ་རྐྱེན་ཞན་པ་དང་ཐོན་ཁུངས་ཁ་ཐང་པོ་ཡོད། དགུན་ཁ་ཡོལ་ནས་དཔྱིད་ཀ་འཆར་ལ་ཉེ་བའི་མིག་སྔ་ནི་གསོ་རླུང་ལྡན་ཚད་དམའ་ཤོས་ཀྱི་དུས་ཤིག་ཡིན་པས། གལ་ཏེ་རིམས་ནད་མཆེད་ཚེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་ལ་བསམ་ཚོད་ལས་འདས་པའི་གནོད་འཚེ་ཐོན་སྲིད།

    རིམས་ནད་ནི་བཀའ་རྒྱ་དང་སྔོན་འགོག་ཚོད་འཛིན་ནི་འགན་འཁྲི་ཡིན་པས། རིམས་ནད་མཆེད་མགྱོགས་པའི་ཛ་དྲག་དུས་བབ་ལ་གཞིགས་ཏེ། བོད་དུ་མིག་སྔར་ཁྱོན་ཡོངས་ནས་རིམས་ནད་འགོག་པའི་ཛ་དྲག་དུས་སྐབས་སུ་སླེབས་ནས་ལྷ་ས་སོགས་ཀྱིས་གྲོང་ཁྱེར་ཡུལ་སྐོར་ལས་དོན་ཁང་དང་དྲ་ཐོག་ཡུལ་སྐོར་ཁེ་ལས་ཀྱི་གཉེར་སྐྱོང་བྱེད་སྒོ་མཚམས་བཞག་པ་དང་། ཕོ་བྲང་པོ་ཏ་ལ་དང་། གནམ་མཚོ། གཙུག་ལག་ཁང་། ར་མོ་ཆེ་སོགས་མཛེས་ལྗོངས་ཁུལ་གནས་སྐབས་སྒོ་བརྒྱབ་པ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དང་དེ་བཞིན་གླུ་གར་རོལ་རྩེད་ཁང་དང་། དྲ་ཁང་། ཇ་ཁང་། གློག་བརྙན་ཁང་སོགས་སུའང་ལས་གཉེར་དང་འདུ་འཛོམས་རང་བཞིན་གྱི་བྱེད་སྒོ་སྤེལ་མཚམས་བཞག་ཡོད།

    དེ་དང་ཆབས་ཅིག་བོད་ཀྱིས་གནམ་ཐང་དང་། མེ་འཁོར་བབས་ཚུགས། འཛུལ་སྒོ་དང་ཐོན་སྒོ་གཙོ་བོ་སོགས་སུའང་མཉམ་དུ་སྔོན་འགོག་དང་མཉམ་དུ་ཚོད་འཛིན་གྱི་རིམས་ནད་བརྟག་ཞིབ་བྱ་ཡུལ་བཙུགས་ཏེ། མིང་ངོ་མ་ཐོ་འགོད་དང་ལུས་དྲོད་བརྟག་པ་དང་། ཡུལ་སྐོར་བ་སོགས་ཚུད་པའི་བོད་དུ་ཡོང་མཁན་མི་སྣ་གཞན་དག་རེ་རེ་བཞིན་ལ་ཐོ་འགོད་བྱས་པ་མ་ཟད། གནས་གཏན་འཁེལ་གྱི་ས་ཆར་ཉིན་14ལོགས་སུ་བཀར་ནས་ལྟ་ཞིབ་བྱས་ཡོད། ཉིན་14ཉར་ནས་གསོ་རིག་ལྟ་ཞིབ་བྱེད་རིང་གི་ཞག་སྡོད་རིན་པ་དང་ཟས་གྲོན་ཚང་མ་རང་གིས་གཏོང་དགོས་ཀྱི་ཡོད་པ་རེད།

    ཉིན་ཤས་བསྟུད་མར། བོད་ཀྱི་ས་ཆ་ཁག་གིས་སྤྱི་བསྒྲགས་བཀྲམ་ནས་ཡུལ་སྐོར་བར་ཉེ་དུས་བོད་ལ་ལྟ་སྐོར་དང་ཡུལ་སྐོར་ལ་ཡོང་མི་རུང་བའི་དྲན་སྐུལ་བྱས་པ་རེད། ཟླ་1ཚེས་30ཉིན། ལྷ་ས་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་ཀྱི་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཀྱི་ནད་དཔེ་ཐོག་མ་གཏན་འཁེལ་བྱས་ཡོད། དེ་གོང་ཉིང་ཁྲི་གྲོང་ཁྱེར་གྱི་རིམས་ནད་མཉམ་དུ་སྔོན་འགོག་དང་མཉམ་དུ་ཚོད་འཛིན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ཟླ་1ཚེས་27ཉིན་ཡོངས་བསྒྲགས་ཡི་གེ་བཀྲམ་ནས“ཁྱེད་དང་ནང་མིའི་བདེ་ཐང་ཆེད་དུ་ང་ཚོས་ཁྱེད་ཉིང་ཁྲིར་ཕེབས་རྒྱུའི་འཆར་གཞི་མཚམས་འཇོག་གནང་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན”ཞེས་བརྗོད་པ་དང་། མིག་སྔར་བོད་ནས་འགྲོ་འོང་བྱེད་མཁན་གནམ་གྲུ་དང་མེ་འཁོར་ཐེངས་གྲངས་ཉུང་དུ་ཤུགས་ཆེན་བཏང་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001387544941