བོད་ལྗོངས།
གངས་ལྗོངས་ས་མཐོར“རིམས་ནད་འགོག་རྒོལ”དམག་འཐབ་ཀྱི་འཛོམས་བརྡ་བཏང་བ།

    —— བོད་ཀྱི་རིམས་ནད་འགོག་རྒོལ་དམག་འཐབ་ཀྱི་འཐབ་ས་དང་པོའི་སྐོར་བཀོད་པ།

    ཉེ་ཆར། བོད་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གཏན་འཁེལ་བྱུང་བའི་ཏོག་གསར་གློ་ཚད་ཕོག་པའི་ནད་དཔེ་ཐོག་མའི་ཆ་འཕྲིན་བརྡ་ཁྱབ་བཏང་བ་དང་བསྟུན་ནས་བོད་ཀྱིས་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་གྱི་བརྡ་ལན་རིམ་པ་དང་པོ་འཕྲལ་དུ་འགོ་བཙུགས་ཏེ་གངས་ལྗོངས་ས་མཐོར“རིམས་ནད་འགོག་རྒོལ”དམག་འཐབ་ཀྱི་འཛོམས་བརྡ་དངོས་སུ་གྲགས་པ་རེད།

    མི་ཚོགས་འདུ་འཛོམས་ཆེ་སར་ཕན་ཚུན་འགོས་རེས་ཀྱི་གནས་ཚུལ་མ་ཐོན་སྔོན་འགོག་བྱས་ཏེ་སྔོན་ཚུད་ནས་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་ཆེད། ཟླ་1ཚེས་26ཉིན་ཕོ་བྲང་པོ་ཏཱ་ལ་གནས་སྐབས་རིང་སྒོ་རྒྱག་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། རིམས་ནད་ཀྱི་མདུན་དུ་བོད་ལྗོངས་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་མིས་མཉམ་འབྲེལ་ཐོག དགོན་སྡེ་ཡོངས་རྫོགས་དང་། དད་ལྡན་མང་ཚོགས་ཞུགས་པའི་ཆོས་ལུགས་ཀྱི་བྱེད་སྒོ་ཡོངས་རྫོགས་གནས་སྐབས་མཚམས་འཇོག་བྱེད་པའི་གྲོས་འགོ་བཏོན་པ་རེད།

    རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་ཆེད། ཟླ་1ཚེས་26ཉིན་ནས་བཟུང་། བོད་ཀྱིས་རིག་གནས་དང་རོལ་རྩེད་བྱ་ཡུལ་གནས་སྐབས་རིང་སྒོ་བརྒྱབ་པ་དང་། སྤྱི་པའི་འདུ་འཛོམས་བྱེད་སྒོ་མཐའ་དག་གནས་སྐབས་སྤེལ་མཚམས་བཞག་པ། ལྗོངས་ནང་ཁུལ་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་གནས་སྐབས་རིང་སྒོ་བརྒྱབ་པ། ཡུལ་སྐོར་ཚོགས་པའི་བྱེད་སྒོ་ཡོངས་རྫོགས་སྤེལ་མཚམས་བཞག་ཡོད། ལྗོངས་ནང་ཁུལ་གྱི་སྤྱི་པའི་བྱེད་སྒོ་སྤེལ་ཡུལ་གྱི་མི་སྣའི་འགྲོ་འོང་ཚོད་འཛིན་བྱེད་སའི“འགག་སྒོ”རྒྱུན་ཆད་མེད་པར་དམ་དུ་བཏང་བས་རྒྱ་ལམ་དང་སྲང་ལམ་དུ་འགྲོ་འོང་བྱེད་མཁན་མི་ཚོགས་ཧ་ཅང་ཉུང་དུ་ཕྱིན་ནས་རང་ཁྱིམ་དུ་སྡོད་རྒྱུ་དེ་མང་ཚོགས་མང་ཆེ་བའི་གདམ་ག་ཡག་ཤོས་ཤིག་ཏུ་གྱུར་ཡོད།

    བོད་ནི་གངས་ལྗོངས་ས་མཐོར་གནས་ཤིང་། ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་མི་སྣ་འགྲོ་འོང་བལྟོས་བཅས་འགོར་ཙམ་ཡོད། དེ་ལྟར་ཡིན་རུང་བོད་ཀྱིས་སྔར་བཞིན“འགོག་སྲུང”ཐད་ཤུགས་བརྒྱབ་ནས་གནམ་ཐང་དང་། མེ་འཁོར་བབས་ཚུགས། འགྲུལ་སྐྱེལ་ས་ཚིགས། འགག་སྒོ མཐའ་མཚམས་ཞིབ་བཤེར་ས་ཚིགས་སོགས་བོད་དུ་འགྲོ་འོང་བྱེད་སའི་ལམ་ཐིག་གཙོ་བོར་གྲལ་བཤེར་ནན་པོ་བྱས་ཏེ། སྒེར་འཁོར་བཏང་ནས་ཡུལ་སྐོར་ལ་ཡོང་མཁན་ཚོར་བསྐྱར་ལོག་བྱ་རྒྱུའི་ཁ་ཏ་བསླབ་བྱ་ཧུར་ཐག་བྱས་པ་དང་། བོད་དུ་ཡོང་མཁན་ཚང་མར་ཚ་བ་བལྟས་པ། དོགས་ཡོད་ནད་དཔེ་དང་འབྲེལ་བ་དམ་ཟབ་ཡོད་མཁན་ཚང་མ་ལོགས་སུ་བཞག་ནས་ལྟ་ཞིབ་བྱས་ཏེ་རིམས་ནད་མཆེད་རྒྱུ་བཀག་འགོག་བྱེད་པའི་འགོག་སྲུང་གི་ཕྱི་ཕྱོགས་དྲ་བ་ཉིན་རེ་བཞིན་དམ་དུ་བཏང་ཡོད།

    ཟླ་1ཚེས་30ཉིན། ཏོག་གསར་གློ་ཚད་ཕོག་པའི་ནད་དཔེ་ཐོག་མ་གཏན་འཁེལ་བྱུང་རྗེས་བོད་ཀྱིས་བྱ་སྤྱོད་མྱུར་དུ་སྤེལ་ཏེ་འཕྲལ་སྡོམ་བརྡ་ལན་དེ་རིམ་པ་མཐོ་ཤོས་སུ་བཞག་ནས་འགོག་སྲུང་བྱེད་ཐབས་ཁག་དོན་ཚན་རེ་རེ་བཞིན་སྔར་བས་ཞིབ་ཚགས་སུ་དང་འཐུས་སྒོ་ཚང་དུ་བཏང་ཡོད། ལྗོངས་ཡོངས་ཀྱི་འགོ་ནད་དང་། ཚབས་ཆེ། དབུགས་ལམ་སོགས་ཆེད་ལས་ཚན་ཁག་གི་སྨན་དོན་མི་སྣ་1100ལྷག་ཙམ་ལས་གྲུབ་པའི་སྨན་བཅོས་རུ་ཁག་རིམས་ནད་འགོག་རྒོལ་གྱི་འཐབ་ས་དང་པོར་བསྐྱོད་ཡོད་ལ། བོད་སྐད་ཀྱི“ཏོག་དབྱིབས་ནད་དུག་འགོག་སྲུང”གི་འགུལ་རིས་དྲིལ་བསྒྲགས་པར་གཞི་སྐད་འཕྲིན་གྲོགས་ཚོགས་ནང་ཁྱབ་ཡོད།

    གཞན་ཡང་། གནས་གཏན་འཁེལ་གྱི་སྨན་ཁང་ཁག་ཏུ་ཚ་རྒྱས་སྒོ་བསྟེན་སྨན་ཁང་བཙུགས་པ་དང་། སྔོན་བཤེར་དང་ཁག་བགོས་བརྟག་དཔྱད་བྱ་ཡུལ་དང་། ལྟ་ཉར་ཁང་། ལོགས་སུ་འཇོག་ས་སོགས་གསར་དུ་བཙུགས་ནས་སྨན་བཅོས་བྱ་ཡུལ་རྒྱ་ཆེར་གཏོང་བ་དང་འབྲེལ་ཆེད་ལས་སྨན་དོན་མི་སྣ་དང་སྐྱོབ་བཅོས་སྒྲིག་ཆས་བཀོད་སྒྲིག་བྱས་ཏེ་སྨན་བཅོས་བརྒྱུད་རིམ་ཚད་ལྡན་དུ་བཏང་ཡོད།

    རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་ཏང་ཡོན་ཚོས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ཤིང་། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པར་ཏང་ཡོན་དང་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མིས་རང་འགུལ་ངང་འཐབ་ས་དང་པོར་གདོང་མཆོངས་བྱས་ཏེ་འཇིགས་སྣང་ལས་ཕྱིར་འཐེན་བྱེད་པའམ་ཡང་ན་ལས་གནས་བརྗེ་རྒྱུའི་རེ་བ་འདོན་མཁན་གཅིག་ཀྱང་ཐོན་མེད་པ་དང་། རིགས་གཅིག་མཁས་ཅན་རྒན་གྲས་དང་རྒན་ཡོལ་ཞུ་ཉེར་ཡོད་པའི་སྨན་དོན་མི་སྣ་འགའ་ཤས་ཀྱང་དམག་འཐབ་ནང་ཞུགས་རྒྱུར་གདན་དྲངས་པ་རེད། ཡོན་ཀྲང་ཕུན་ཚོགས་བཀྲ་ཤིས་ཀྱིས“རིམས་ནད་ཐོན་རྗེས་ཏང་ཡོན་སྨན་དོན་པས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ཏེ་འཁང་ར་བྱེད་མཁན་གཅིག་ཀྱང་བྱུང་མེད། དེ་དང་ཆབས་ཅིག སྨན་ཁང་གིས་འཕྲལ་དུ་རིམ་པ་གསུམ་པའི་འགོག་སྲུང་བྱེད་ཐབས་འགོ་བཙུགས་ནས་སྨན་ཁང་ནང་ཕན་ཚུན་འགོས་རེས་དང་ལྷག་པར་དུ་སྨན་དོན་མི་སྣར་མ་འགོས་སྔོན་འགོག་མཐའ་གཅིག་ཏུ་བྱས་ཡོད”ཅེས་བརྗོད།

    མིག་སྔའི་བར། བོད་ཀྱི་སྨན་ཁང་གཙོ་བོ་ཁག་གིས་གནས་གཏན་འཁེལ་གྱི་ཚ་རྒྱས་སྒོ་བསྟེན་སྨན་ཁང་བཙུགས་ཤིང་། གནས་གཏན་འཁེལ་གྱི་ཚ་རྒྱས་སྒོ་བསྟེན་སྨན་ཁང་13གྱིས་རིམ་རྩིས་བརྒྱབ་ན་མི་ཐེངས་1318ལ་སྨན་བཅོས་བྱས་པ་དང་། མི་52ལྟ་ཉར་དང་ཉལ་ཁྲི་517གྲ་སྒྲིག་བྱས་པ་དེའི་ནང་ཉེན་ཚབས་ཆེ་བའི་ལོགས་འཇོག་ཉལ་ཁྲི་71ཡོད། ལྗོངས་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་ཆེད་ལས་ལག་རྩལ་མི་སྣ་མི་ཐེངས་8358གསོ་སྦྱོང་བྱས་པ་དང་། མི་3828སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་ཞུགས་ནས་ནད་དཔེ་ཁྲི་14.7ལ་གྲལ་བཤེར་བྱས་པ་དང་དུག་སེལ་ལས་དོན་ཐེངས་1183སྤེལ་ཡོད།

    “རིམས་ནད་འགོག་རྒོལ”གྱི་དམག་འཐབ་རྒྱག་འགོ་ཚུགས་ཤིང་། འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་ཏང་ཡོན་ལས་བྱེད་པ་ཡིན་ནའང་འདྲ། རྒྱབ་ཕྱོགས་ནས་སྐད་གྲགས་མེད་པར་རྒྱབ་སྐྱོར་བྱེད་མཁན་གྱི་མང་ཚོགས་དཀྱུས་མ་ཡིན་ནའང་འདྲ། གང་ལྟར་ཚང་མས་ཀུན་སེམས་གཅིག་སྒྲིལ་དང་ཕྱར་བ་གྲུ་འདེགས་ཀྱིས་བོད་ཀྱི་བདེ་འཇགས་ལ་མཉམ་དུ་སྲུང་སྐྱོང་བྱེད་བཞིན་ཡོད་པ་རེད།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་2ཚེས་4ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001387734411