བོད་ལྗོངས།
བོད་ཀྱིས་ཤ་རིགས་ཏུན་1200གཏོང་འདྲེན་བྱས་ནས་ཁྲོམ་རའི་མཁོ་སྤྲོད་འགན་ལེན་བྱས་པ།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱུང་བར། དགུན་དུས་འཕར་ལ་བསྐྱལ་ནས་དཔྱིད་དུས་བསུ་བ་དང་བོད་ཀྱི་ལོ་གསར་འཆར་ཉེའི་སྐབས་འདིར། བོད་ཀྱི་ཤ་རིགས་ཐོན་རྫས་མཁོ་སྤྲོད་དང་ཁྲོམ་རའི་རིན་གོང་བརྟན་པོ་ཡོང་བར་འགན་ལེན་བྱ་ཆེད། བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་ལན་ཀྲོའུ་ནས་ཕག་ཤ་འཁྱགས་པ་ཏུན་1000དང་ཚགས་ཤ་འཁྱགས་པ་ཏུན་200ཛ་དྲག་ངང་བོད་དུ་གཏོང་འདྲེན་བྱས་ཡོད། ཟླ་2ཚེས་7ཉིན་བར་འཕྲལ་སྡོམ་གྲབས་གསོག་བྱས་པའི་ཤ་ཏུན་1200ཡི་ཁྲོད་ནས་ཏུན་360མཛོད་ཁང་ནང་བཅུག་པ་དང་། དེ་བྱིངས་ཟླ་2པའི་ཟླ་སྨད་སྐབས་གཅིག་རྗེས་གཉིས་མཐུད་ངང་མཛོད་ཁང་ནང་འཇུག་རྒྱུ་རེད། འཕྲལ་སྡོམ་འགན་ལེན་གྱི་ཤ་རིགས་དེ་དག་གཏོང་འདྲེན་བྱས་པ་དེས་མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་ནུས་ལྡན་ངང་སྐོང་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འཕྲལ་སྡོམ་གྲབས་གསོག་བྱས་པའི་ཤ་རིགས་དེ་དག་ལྷ་སའི་གདོང་དཀར་ཞིང་ཞོར་ཐོན་ཟོག་སྡེབ་ཚོང་ཁྲོམ་ར་དང་ལྕགས་པོ་རི་ཚལ་ཁྲོམ་སོགས་ཚལ་ཁྲོམ་ཆེ་གྲས་དང་དེ་བཞིན་ཚན་པ་དང་ཁེ་ལས་ཁག་གཅིག་གི་ཟ་ཁང་དུ་འཚོང་རྒྱུ་ཕུད། ད་དུང་ལྷོ་ཁ་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར། གཞིས་རྩེ་གྲོང་ཁྱེར་སོགས་ས་ཁུལ་དང་གྲོང་ཁྱེར་དུ་འདྲེན་རྒྱུ་ཡིན་པ་རེད། མིག་སྔའི་བར་བོད་ཀྱི་ལྗོངས་ཡོངས་ཀྱི་ད་ཡོད་མཛོད་ཉར་བྱས་པའི་འབྲུ་རིགས་དང་ཤ་རིགས་འདང་ངེས་ཡོད་པ་དང་མཁོ་སྤྲོད་བརྟན་པོ་ཡོད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001387767691