བོད་ལྗོངས།
འབད་འབུངས་ཡར་བརྩོན་བྱས། དབུལ་སྒྲོལ་བདེ་ལམ་བསྐྲུན།

    —— ལྷ་ས་གྲོང་ཁྱེར་གྱིས“གྲོང་གསེབ་ཀྱི་གཞུང་ལམ་ཡག་པོ་བཞིའི”འཛུཌ་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་བའི་སྐོར་གྱི་ཟུར་བྲིས།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་བྱེད་རྒྱུ་དེ“གྲོང་གསེབ་ཀྱི་གཞུང་ལམ་ཡག་པོ་བཞིའི”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་རྨང་གཞིའི་ལས་གྲྭ་དང་། ལས་གྲྭ་ཨང་དང་པོ། ཆབ་སྲིད་ཀྱི་ལས་གྲྭ་བཅས་ལ་བརྩིས་ནས། འགོ་ཁྲིད་གཙོ་བོ་ངོ་མས་དམ་འཛིན་དང་ལས་བགོས་འགན་འཁུར་འགོ་ཁྲིད་ཀྱིས་དམ་འཛིན་ཞིབ་ཕྲ་དང་ཏན་ཏིག་ཐུབ་པ་བྱས་ཡོད། དེ་དང་ཆབས་ཅིག སྲ་བརྟན་དང་། ཤུགས་སྣོན། མཐོར་གཏོང་། ཤར་བགྲོད”བཅས་ཡིག་འབྲུ་བརྒྱད་ཀྱི་བྱེད་ཕྱོགས་ལ་ནན་པོར་གཞིགས་ནས། “གྲོང་གསེབ་ཀྱི་གཞུང་ལམ་ཡག་པོ་བཞིའི”འཛུགས་སྐྲུན་དང་། དོ་དམ། བདག་སྐྱོང་། སྐྱེལ་འདྲེན་བཅས་མཐུན་སྦྱོར་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་ཡོད་པ་རེད།

    2019ལོར། ལྷ་ས་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་གཞུང་ལམ་གྱི་རྣམ་གྲངས་20མུ་མཐུད་བསྐྲུན་པར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་19.3བཏང་ཞིང་། ལམ་ཚད་བསྡོམས་འབོར་སྤྱི་ལེ་476.6ཟིན་པ་དང་། རིམ་རྩིས་ལྟར་ན། མ་དངུལ་སྒོར་དུང་ཕྱུར་16.2བཏང་ཡོད། དེའི་ནང་2019ལོར་མ་དངུལ་སྒོར་དུང་ཕྱུར་5.9བཏང་ནས་རྣམ་གྲངས་11བསྐྲུན་མཇུག་འགྲིལ་བ་དང་། ཨར་འདམ་ལམ་ངོས་སྤྱི་ལེ་208གསར་དུ་བསྐྲུན་པས་ལམ་རྒྱུད་ཀྱི་ཞིང་འབྲོག་མང་ཚོཌ་ཁྲི་1.4ལྷག་ཙམ་ལ་ཐད་ཀར་ཕན་པ་ཐོབ་པ་དང་། རིམ་རྩིས་ལྟར་ན། མི་5200ལས་ཞུགས་གཞན་སྒྱུར་ཐུབ་ནས་འབབ་འཕར་སྒོར་ཁྲི་4988བྱུང་ཡོད་པ་རེད།

    ལྷུན་གྲུབ་རྫོང་གསུམ་འཕྲེང་ཤང་གསུམ་འཕྲེང་གྲོང་ཚོའི་ཟླ་དགའ་ཚོགས་ཆུང་དང་གུ་རུམ་ཚོགས་ཆུང་གི་གཞུང་ལམ་ལས་གྲྭ་2018ལོར་སྐྲུན་འགོ་ཚུགས་པ་དང་། 2019ལོར་ལས་མཇུག་འགྲིལ་ནས། ས་གནས་དེ་གའི་མི་སེར་ལ་འབབ་འཕར་སྒོར་ཁྲི་90ལྷག་ཙམ་བྱུང་ཡོད་ཅིང་། ལྷུན་གྲུབ་རྫོང་གསུམ་འཕྲེང་གྲོང་ཚོ་གུ་རུམ་ཚོགས་ཆུང་གི་ཙུའུ་ཀྲང་བཀྲ་ཤིས་དབང་འདུས་ཀྱིས“དེ་སྔ། ང་ཚོའི་གྲོང་ཚོའི་ལམ་ཚང་མ་ས་རྡོའི་ལམ་ཡིན་པས། དབྱར་ཁ་ཆར་པ་འབབ་སྐབས་ལམ་ཆུས་ཁྱེར་བ་དང་། དགུན་ཁ་གངས་བབ་དུས་ལམ་འགགས་ནས། གྲོང་མི་ཚོ་འུ་ཐུག་ཐབས་ཟད་དུ་འགྱུར་ཡོད། ད་ཆ། གཙང་ཞིང་ཁོད་སྙོམས་པའི་གཞུང་ལམ་གྲོང་གསེབ་ཀྱི་ས་ཕྱོགས་གང་སར་ཤར་གཏོང་ཐུབ་པས་ཡུལ་མི་འགྲོ་འོང་བྱེད་སྐབས་ཧ་ཅང་སྟབས་བདེ་རུ་ཕྱིན་ཡོད། གཞུང་ལམ་སྐྲུན་རིང་། ང་ཚོའི་གྲོང་ཚོའི་དུད་ཚང་22ཀྱི་མང་ཚོགས་གཞུང་ལམ་འཛུགས་སྐྲུན་ནང་ཞུགས་པས། དཔལ་འབྱོར་ཡོང་འབབ་མང་དུ་ཕྱིན་ཡོད”ཅེས་དགའ་ཚོར་ཆེན་པོས་བརྗོད།

    ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣས། ང་ཚོས་གཞུང་ལམ་འཛུགས་སྐྲུན་ཡག་པོ་བྱེད་པ་དང་། གཞུང་ལམ་བདག་སྐྱོང་ཡང་ཡག་པོ་བྱེད་དགོས་པའི་ལས་ཀའི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། “འཛུགས་སྐྲུན་དང་བདག་སྐྱོང་གལ་ཆེ་མཉམ་འཛིན”ཐུབ་པ་བྱས་ཡོད། རྫོང(ཆུས)ཁག་གི་སྲིད་གཞུང་དང《གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་དོ་དམ་གྱི་དམིགས་ཚད་འགན་འཁྲིའི་ཡི་གེར》མིང་རྟགས་བཀོད་ནས། བདག་སྐྱོང་གི་བྱེད་པོའི་འགན་འཁྲི་དང་ལྟ་འདོམས་ཀྱི་འགན་འཁྲི་སྔར་བས་ཁ་གསལ་བཟོས་ཏེ། ཁོངས་གཏོགས་ཁུལ་གྱི་གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་དོ་དམ་ལས་དོན་ཏན་ཏིག་དང་ཡག་པོ་བསྒྲུབས་ཡོད་ཅེས་བརྗོད་པ་རེད།

    དེ་དང་དུས་མཚུངས། ཞིང་འབྲོག་མང་ཚོགས“ཕྱིར་སྐྱོད་སྐབས་འཁོར་རིགས་ཡོད་པའི”འགན་ལེན་ཏན་ཏིག་བྱ་ཆེད། འགྲུལ་སྐྱེལ་ལམ་ཐིག་དང་གྲོང་གསེབ་ཀྱི་འགྲུལ་སྐྱེལ་མཐུན་སྦྱོར་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ཏེ། གྲོང་གསེབ་ཀྱི་འགྲུལ་སྐྱེལ་རྨང་གཞིའི་སྒྲིག་བཀོད་སྐྲུན་མགྱོགས་སུ་བཏང་བས། གྲོང་གསེབ་འགྲུལ་སྐྱེལ་འཕེལ་རྒྱས་ཀྱི“ལྷ་སའི་བྱ་ཐབས”ཤིག་ཆགས་ཡོད་པ་རེད། མང་ཚོགས་འགྲོ་སྐྱོད་ཀྱི་དགོས་མཁོ་དང་ཁྱད་ཆོས་ལ་ཟུང་འབྲེལ་བྱས་ཏེ། གྲོང་གསེབ་འགྲུལ་སྐྱེལ་གྱི་ལོ་འཁོར་མོའི་ཤར་གཏོང་ལས་འགན་གྱི་དམིགས་ཚད་གཏན་འཁེལ་བྱས་པ་རེད། “རྫོང་གཅིག་ལ་ཀུང་སི་གཅིག”གི་རྩ་དོན་གཞིར་བཟུང་། གྲོང་གསེབ་ཀྱི་འགྲུལ་སྐྱེལ་ཀུང་སི(གཞུང་ཁོངས་ཀུང་སི)བཙུགས་པ་དང་། གྲོང་གསེབ་དང་གྲོང་རྡལ་གྱི་ཕྱོགས་བསྡུས་འགྲུལ་སྐྱེལ་ཞབས་ཞུའི་ས་ཚིགས་26བསྐྲུན་ནས། གྲོང་གསེབ་ཀྱི་སྐྱེལ་འདྲེན་རྨང་གཞིའི་སྒྲིག་བཀོད་སྐྲུན་མགྱོགས་སུ་བཏང་ཡོད་པ་རེད། གྲོང་གསེབ་ཀྱི་འགྲུལ་སྐྱེལ་ལམ་ཐིག་15དང་རླངས་འཁོར་5མང་དུ་བཏང་བ་དང་། སྲིད་འཛིན་གྲོང་ཚོ་15ལ་འགྲུལ་སྐྱེལ་རླངས་འཁོར་མང་དུ་བཏང་བས། ད་ཆ་ལྷ་ས་གྲོང་ཁྱེར་ལ་གྲོང་གསེབ་ཀྱི་འགྲུལ་སྐྱེལ་ལམ་ཐིག་44ཟིན་པ་དང་། ཁྱོན་རླངས་འཁོར་68ཡོད་པ། ཆ་རྐྱེན་འཛོམས་པའི་ཤང་དང་གྲོང་རྡལ་དང་སྲིད་འཛིན་གྲོང་ཚོར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་100%ཟིན་ཡོད་པ་རེད།

    གོམ་སྟབས་རྗེས་མར། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་སྒྱུར་བཅོས་སྒོ་དབྱེ་སྒུལ་ཤུགས་སུ་བྱས་ཏེ། “འགག་སྒྲོལ་གྱི་དམག་འཐབ་ཆེན་པོ་གསུམ”ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་། “བརྟན་པོ་དྲུག”གི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་པ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། བརྟན་ཐོག་ཡར་འཕེལ་དང་བརྟན་ཐོག་ཡར་བརྩོན་གྱི་འཕེལ་རྒྱས་ཀྱི་རྣམ་པ་རྒྱུན་འཁྱོངས། “འགྲིམ་འགྲུལ་སྟོབས་ཆེན་རྒྱལ་ཁབ”སྐྲུན་མགྱོཌ་སུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འགྲིམ་འགྲུལ་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཕུན་སུམ་ཚོགས་པའི་ངང་མཇུག་བསྡུ་བ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཡག་པོ་འདིང་ཆེད་ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་བྱས་ཏེ། ལྷ་སའི་འགྲིམ་འགྲུལ་སྐྱེལ་འདྲེན་སྤུས་ཚད་མཐོ་བ་དང་རྒྱུན་སྲིང་འཕེལ་རྒྱས་ཡོང་བར་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001389147661