བོད་ལྗོངས།
བོད་ལྗོངས་ཀྱིས་བྱ་ཐབས་སྣ་མང་སྤྱད་དེ་ལས་མི་སྤྱོད་པའི་དགོས་མཁོ་སྐོང་བ།

    ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས། གཙོ་གནད་རྣམ་གྲངས་ལས་འགོ་བསྐྱར་འཛུགས་ལ་སྐུལ་འདེད་བཏང་ནས་ལས་མི་སྤྱོད་པའི་དགོས་མཁོ་སྐོང་ཆེད། རང་ལྗོངས་ཀྱི་རིམ་ཁག་མི་སྤྱི་སྡེ་ཚན་གྱིས་དྲ་ཐོག་དང་དྲ་ཕྱི་ནས་ཞབས་འདེགས་ཞུ་བ་བརྒྱུད། ལས་འགོ་འཛུགས་པ་དང་ལས་འགོ་བསྐྱར་འཛུགས་ཁེ་ལས་སུ་བསྐྱོད་ནས་ལས་གནས་ཀྱི་དགོས་མཁོ་དང་། ངལ་རྩོལ་ནུས་ཤུགས་མི་འདང་བ། གསོ་སྦྱོང་གི་དགོས་མཁོ་བཅས་ལ་བརྟག་ཞིབ་བྱས་པ་དང་། དེ་མཚུངས་ཀྱི་ཐག་གཅོད་བྱ་ཐབས་བཟོས་ནས་ལས་འགོ་འཛུགས་པ་དང་ལས་འགོ་བསྐྱར་འཛུགས་བྱེད་པའི་ཁེ་ལས་ལ་ལས་མི་སྤྱོད་ཐུབ་པའི་འགན་ལེན་ནུས་ཤུགས་ཡོད་རྒུས་བྱས་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་གྱིས་ཞིང་འབྲོག་པའི་ལས་ཞུགས་ལས་གནས་ཁྲི་4.6ལྷག་ཙམ་འཚོལ་བསྡུ་བྱས་པས་གྲོང་ཁྱེར་དེ་ཡོངས་ཀྱི་ཞིང་འབྲོག་པ་2707ལས་ཞུགས་གཞན་སྒྱུར་ཐུབ་པ་དང་། ཡོང་འབབ་སྒོར་ཁྲི་845.7ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་དུ་གསར་དུ་ལས་ཞུགས་ཐུབ་པའི་མི་155ཟིན་ཡོད། ལྷོ་ཁ་གྲོང་ཁྱེར་གྱིས་བརྟག་ཞིབ་ཚོགས་ཆུང་བཙུགས་ཏེ་རྒྱ་ཚ་ཆུ་ཤུགས་གློག་ཁང་དང་། མདོ་ལ་རིང་མོའི་ཨར་འདམ་བཟོ་གྲྭ ལྷ་ཉིང་ལྕགས་ལམ་རྣམ་གྲངས་ས་ཚིགས། རྫམ་ཆུ་ཤུགས་གློག་ཁང་། ཧྭ་ཏན་དྭགས་པོ་ཆུ་ཤུགས་གློག་ཁང་། ལྷ་ཁང་ཆུ་ཤུགས་གློག་ཁང་། བྲོ་ཡུལ་ཆུ་མཛོད་བཅས་གཙོ་གནད་རྣམ་གྲངས་ཀྱི་ཨར་ལས་བྱ་ཡུལ་7དུ་བསྐྱོད་དེ་འབྲེལ་ཡོད་ཁེ་ལས་ལ་ལས་མི་400ལྷག་ཙམ་ཐག་གཅོད་བྱས་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར་སོ་སོས་དྲ་ཐོག་ནས་ལས་མི་བསྡུ་བའི་ལས་དོན་སྤེལ་བ་དང་། མིག་སྔར་ཁེ་ལས་དང་མཐོ་སློབ་སློབ་ཐོན་སློབ་མའི་དྲ་ཐོག་ཐོ་འགོད་དང་ལས་གནས་འཚོལ་བསྡུའི་ལས་དོན་སྤེལ་བཞིན་ཡོད་པ་རེད། ལྷ་ས་གྲོང་ཁྱེར་གྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གནས་4800བཙལ་བ་དང་། པེ་ཅིང་གི་2020ལོའི་བྱ་གཞག་ཚན་པའི་བོད་སྐྱོར་ལས་གནས་200སྦྲེལ་མཐུད་བྱས་པ། ཞིང་འབྲོག་པར་གསོ་སྦྱོང་མ་དངུལ་སྒོར་དུང་ཕྱུར་1.6སྤྲད་པ། དུས་ཐེངས་10ཡི་མི་302ལ་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་རྩལ་ནུས་གསོ་སྦྱོང་བྱས་པ་བཅས་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001389184181