བོད་ལྗོངས།
དུས་ཚིགས་དང་པོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་བརྡ་ཁྱབ་གཏོང་བ་དང་དཔལ་འབྱོར་ལས་དོན་གྱི་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

    ཆེ་དགྲ་ལྷ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

    ཚེས་15ཉིན་དུས་ཚིགས་དང་པོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་ཀྱི་གནས་ཚུལ་བརྡ་ཁྱབ་གཏོང་བ་དང་དཔལ་འབྱོར་ལས་དོན་བཀོད་སྒྲིག་བྱེད་པའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མིག་སྔའི་དཔལ་འབྱོར་ལས་དོན་ཐད་ཀྱི་བཀོད་སྒྲིག་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཞིབ་ཚགས་ཀྱང་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་གསུང་བཤད་གནང་བ་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་དང་། ཅང་ཅེ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་དང་། རྡོ་རྗེ་ཚེ་གྲུབ། དབང་ཧའེ་ཀྲོའུ། ཧྲེ་མོ་ཅུན། ཀྲང་ཡུང་ཙེ། ལུའོ་མེ། མོང་ཞའོ་ལིན། འཇམ་དཔལ། ཀྲང་ཧུང་པོ། རེན་ཝེ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

    ཆེ་དགྲ་ལྷས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་དབུལ་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་གཏོང་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་གི་ཞན་ཆ་གསབ་པ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་འགན་ལེན་བཅས་གཙོ་གནད་ལས་འགན་གསུམ་ལ་དམ་པོར་དམིགས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་བར་བརྟེན། རིམས་ནད་སྔོན་འགོག་དང་ཚོད་འཛིན་ནུས་ལྡན་བྱུང་བ་དང་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་མངོན་གསལ་དོད་པོས་སླར་གསོ་བྱུང་བ། གཞི་རྩའི་དམངས་འཚོ་འགན་ལེན་བྱུང་བ་བཅས་དཔལ་འབྱོར་འཁོར་སྐྱོད་ཀྱི་དུས་བབ་བཟང་པོ་སྤྱིའི་ཆ་ནས་བརྟན་པོ་རྒྱུན་འཁྱོངས་བྱུང་ཡོད། མིག་སྔར་རང་ལྗོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ལས་འགོ་ཡང་བསྐྱར་ཚུགས་ཚད་95.1%ཟིན་ཡོད། དུས་ཚིགས་དང་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1%དང་། སྤྱི་པའི་སྔོན་རྩིས་ཡོང་འབབ་དུས་མཚུངས་ལས་5.7% གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་དུས་མཚུངས་ལས་0.3% དམངས་ཁྲོད་ཀྱི་མ་དངུལ་དུས་མཚུངས་ལས་21.5% གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་8.2% གྲོང་གསེབ་ཀྱི་གྲོང་མི་མི་རེའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་9.5%བཅས་འཕར་ཡོད་ལ། CPIསྟོན་གྲངས་འཕར་ཚད་རྒྱལ་ཡོངས་ལས་བརྒྱ་ཆའི་གྲངས་1.9ཡིས་དམའ་བ་ཡོད་ཅེས་གསུངས་པ་རེད།

    ཆེ་དགྲ་ལྷས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་མིག་སྔའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཐད་ཀྱི་ཏང་ཀྲུང་དབྱང་གི་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། ལོ་ཧྲིལ་པོའི་དཔལ་འབྱོར་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལ་གཞིགས་ཏེ། ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་དང་ཡང་ཡང་བསྡུར་བ་དང་། ཡིད་ཆེས་བརྟན་པོ་དང་ངེས་ཤུགས་རྒྱུན་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག “བརྟན་པོ་དྲུག”གི་ལས་དོན་ཏན་ཏིག་སྒྲུབ་པ། “འགན་ལེན་དྲུག”གི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱེད་དགོས་པ་མ་ཟད། ལྷག་པར་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པ་སོགས་དང་འབྲེལ་བ་ཡོད་པའི་གཙོ་གནད་ལས་འགན་ལ་དམ་འཛིན་ཡག་པོ་བྱས་ཏེ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཆེ་དགྲ་ལྷས་ཐོག་མཐའ་བར་གསུམ་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱས་ཏེ། མངའ་ཁོངས་ཕྱི་ནས་རིམས་ནད་མ་འགོས་མཆེད་རྒྱུ་སྔོན་འགོག་ནན་པོ་དང་། ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་དང་ཚོང་ར་དང་ཁྲོམ་ར་སླར་གསོར་སྐུལ་འདེད་ཧུར་ཐག་གཏོང་བ། གྲོང་མིའི་འཛད་སྤྱོད་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ་འཛད་སྤྱོད་པའི་མི་མངོན་པའི་སྟོབས་ཤུགས་འདོན་དགོས་པ་དང་། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གི་ཚུར་ལན་གྱི་གནད་དོན་དང་དེ་བཞིན“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་ཞན་ཆའི་ལྷུ་ཚིགས་ལ་དམིགས་པ་དང་དག་ཐེར་ལ་དམ་འཛིན་མཐའ་གཅིག་ཏུ་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་མཐོ་གཏོང་ལ་ཤུགས་སྣོན་རྒྱག་དགོས་པ། “མ་འཇོག་བརྟན་པོ”ལ་རྒྱུན་མཐུད་དམ་འཛིན་ཡག་པོ་དང་། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་བཏང་སྟེ། དམངས་འཚོའི་རྣམ་གྲངས་ཆེན་པོ་གསུམ་དང་། ཆུ་བེད་འགྲིམ་འགྲུལ། ནུས་རྒྱུ་གཙང་མ། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་སོགས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་པ། “ཐོན་ལས་ཆེན་པོ་བདུན”ལ་དམིགས་ནས་ཐོན་ལས་སྐྱེད་སྲིང་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ་ཐོན་ལས་འཁོར་སྦྲེལ་གྱི་འགག་གནད་དང་དཀའ་གནད་སེལ་དགོས་པ། 5Gསོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་དྲ་སྦྲེལ་གྱི་དཔལ་འབྱོར་འཕར་གནས་མགྱོགས་མྱུར་སྐྱེད་སྲིང་བྱེད་དགོས་པ། གླིང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་གླིང་ཁུལ་གཅིག་སྡུད་ཀྱི་ཕན་འབྲས་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས་པ། “བརྟན་ལྷིང”སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་ཡག་པོ་ཏན་ཏིག་བསྒྲུབས་ནས་རང་ལྗོངས་ཀྱི་སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001390656151