བོད་ལྗོངས།
ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་རི་འཛེག་རུ་ཁག་གིས་མདུན་སྐྱོད་སྒར་སར་ཕྱིར་འཐེན་བྱས་པ་དང་རི་རྩེར་འཛེག་པའི་དུས་ཚོད་སླར་ཡང་བསྒྱུར་བ།

    ཟླ་5ཚེས་21ཉིན། ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་རི་འཛེག་རུ་ཁག་གི་རུ་མི་ཕྱིར་འཐེན་བྱེད་པ། ཤིན་ཧྭ་གསར་འགྱུར་ཁང་གི་ཆེད་བསྐོས་གསར་འགོད་པ་ལྷག་པས་པར་བླངས།

     ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་ཇོ་རིའི་སྒར་ས་ཆེ་མོ་ནས་གནས་ཚུལ་འབྱོར་གསལ། གསར་འགོད་པར་2020ལོའི་ཇོ་རིའི་མཐོ་ཚད་འཇལ་བའི་རི་འཛེག་རུ་ཁག་ནས་ཤེས་རྟོགས་བྱུང་བར། ཇོ་རིའི་ས་བབ་མཐོ་ཚད་སྨི་7790ཡན་གྱི་ས་ཁོངས་སུ་གངས་རྒྱུན་མཐུད་དུ་བབས་པ་དང་མ་ཟད་ལམ་ཐིག་ཐོག་གངས་གསོག་གཏིང་རིང་པོ་ཐེབས་པའི་རྐྱེན་གྱིས་ལམ་བཟོ(རི་ངོས་སུ་སྲུང་སྐྱོབ་ཐག་པ་འཐེན་པ་དང་རྗེས་ཀྱི་རི་འཛེག་པ་བདེ་འཇགས་ངང་འཛེག་པར་འགན་ལེན་བྱེད་པ)རུ་ཁག་གིས་ཟླ་5ཚེས་21ཉིན་རི་རྩེར་འཛེག་པའི་ལམ་ཐིག་ཤར་གཏོང་ཐུབ་མེད། རུ་མི་ཚོའི་བདེ་འཇགས་ལ་འགན་སྲུང་བྱ་ཆེད་མཐོ་ཚད་འཇལ་བའི་རི་འཛེག་རུ་ཁག་གིས་ས་བབ་མཐོ་ཚད་སྨི་6500ཟིན་པའི་མདུན་སྐྱོད་སྒར་སར་ཕྱེར་འཐེན་བྱས་ནས་ངལ་གསོ་རྒྱག་པ་དང་བཀའ་སྒུག་རྒྱུ་ཐག་བཅད་ཡོད།

    ཟླ་5ཚེས་21ཉིན། ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་རི་འཛེག་རུ་ཁག་གི་རུ་མི་ཕྱིར་འཐེན་བྱེད་པའི་གྲ་སྒྲིག་བྱེད་པ། ཤིན་ཧྭ་གསར་འགྱུར་ཁང་གི་ཆེད་བསྐོས་གསར་འགོད་པ་སྤེན་པས་བླངས།

    རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་རི་འཛེག་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཝང་ཡུང་ཧྥུང་གིས་ཇོ་མོ་གླང་མའི་སྒར་ས་ཆེ་མོར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་སྔོན་དུ་གཏན་འཁེལ་བྱས་པའི་ཚེས་22ཉིན་རི་རྩེར་འཛེགས་ནས་ཚད་འཇལ་བའི་འཆར་གཞི་སླར་ཡང་ལེགས་སྒྲིག་བྱ་རྒྱུ་ཡིན་ཞེས་བརྗོད།

    ཟླ་5ཚེས་21ཉིན། ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་རི་འཛེག་རུ་ཁག་གི་རུ་མི་ཕྱིར་འཐེན་བྱེད་པ། ཤིན་ཧྭ་གསར་འགྱུར་ཁང་གི་ཆེད་བསྐོས་གསར་འགོད་པ་བཀྲ་ཤིས་ཚེ་རིང་གིས་བླངས།

    ཝང་ཡུང་ཧྥུང་གིས། ཚེས་21ཉིན་གྱི་ཐོ་རེངས་ཆུ་ཚོད་2པ་ཙམ་ལ་ལམ་བཟོ་རུ་ཁག་གིས་ས་བབ་མཐོ་ཚད་སྨི་7790ཟིན་པའི་སྒར་ས་ཨང་གཉིས་པ་ནས་ཐོན་ཏེ་ས་བབ་མཐོ་ཚད་སྨི་8000ཙམ་ཟིན་པའི་མཚམས་སུ་སླེབས་སྐབས་གངས་གསོག་ཐེབས་དྲགས་པ་མ་ཟད་རྡོ་ཟག་ཡོང་གི་ཡོད། ལམ་བཟོ་རུ་ཁག་གི་རུ་མིའི་ལུས་ཤུགས་ཟད་དྲགས་པས་སྒར་ས་ཨང་གཉིས་པར་ཕྱིར་འཐེན་བྱས་ཡོད། ཆུ་ཚོད་7དང་སྐར་མ་40ཙམ་ལ་སྐྱེལ་འདྲེན་ཚོགས་ཆུང་སྒར་ས་ཨང་གཉིས་པར་སླེབས་པ་དང་ལམ་བཟོ་རུ་ཁག་དང་གྲོས་བསྡུར་བྱས་རྗེས་ཆུ་ཚོད་8པ་ཙམ་ལ་ཡང་བསྐྱར་འཛེག་རྒྱུ་ཚོད་ལྟ་བྱས་ཡོད། ཆུ་ཚོད་11དང་སྐར་མ་30ཙམ་ལ་རི་སྟེང་དུ་བསྟུད་མར་གངས་བབས་པ་དང་གངས་གསོག་སྐེད་པའི་བར་ཐེབས་ཤིང་། རི་རྩེར་བཙན་གྱིས་འཛེག་ཚེ་གངས་རྡིབ་ཀྱི་ཉེན་ཁ་ཡོད་པས་ལམ་བཟོ་རུ་ཁག་གིས་ཕྱིར་འཐེན་བྱ་རྒྱུའི་ཐག་བཅད་ཡོད། ལམ་བཟོ་རུ་ཁག་གིས་ཚུར་ལན་བྱས་པའི་གནས་ཚུལ་ལྟར་ན། ཚེས་12ཉིན་ས་བབ་མཐོ་ཚད་སྨི་8600ཟིན་པའི་སར་བཏིང་བའི་ཐག་པ་མིག་སྔར་རྙེད་ཐབས་མེད་ཅིང་། ལམ་བཟོ་རུ་མིས་དེ་ནི་ཉིན་ཤས་རིང་རི་སྟེང་དུ་ལྷགས་པ་ཆེན་པོ་བརྒྱབ་པ་དང་གངས་ཆེན་པོ་བབས་པའི་རྐྱེན་གྱིས་ཡིན་ལུགས་ཚོད་དཔག་བྱས་ཡོད་ཅེས་བརྗོད།

    ཟླ་5ཚེས་21ཉིན། ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་རི་འཛེག་རུ་ཁག་གི་རུ་མི་ཕྱིར་འཐེན་བྱེད་པ། ཤིན་ཧྭ་གསར་འགྱུར་ཁང་གི་ཆེད་བསྐོས་གསར་འགོད་པ་བཀྲ་ཤིས་ཚེ་རིང་གིས་བླངས།

    ཝང་ཡུང་ཧྥུང་གིས་གནམ་གཤིས་སྔོན་བརྡར་གཞིགས་ན། ཚེས་23ཉིན་རྗེས་ཀྱི་རི་རྩེར་འཛེག་པའི་དུས་ཚོད་ད་དུང་གཏན་འཁེལ་བྱུང་མེད་ཅེས་བསྟན།

    ཟླ་5ཚེས་21ཉིན། ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་རི་འཛེག་རུ་ཁག་གི་རུ་མི་ཕྱིར་འཐེན་བྱེད་པ། ཤིན་ཧྭ་གསར་འགྱུར་ཁང་གི་ཆེད་བསྐོས་གསར་འགོད་པ་ལྷག་པས་བླངས།

    དེའི་གོང་དུ་གནམ་གཤིས་ཀྱི་རྐྱེན་པས་སྔོན་དུ་གཏན་འཁེལ་བྱས་པའི་ཚེས་12ཉིན་གྱི་རི་རྩེར་འཛེག་རྒྱུའི་འཆར་གཞི་ཚད་འཇལ་རི་འཛེག་རུ་ཁག་གིས་ཕྱིར་འགྱངས་ཐེངས་གཅིག་བྱས་ཡོད།

      (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་རྡོ་རྗེ་དགྲ་འདུལ། སྤེན་པ་ཚེ་རིང་། ཝང་ཆིན་ཨའུ།)

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001390792671