བོད་ལྗོངས།
“ས་མཐོའི་འཇའ་ཚོན་ཟམ་ཆེན”གྱིས་བོད་ལྗོངས་ཀྱི་འཕེལ་རྒྱས་ལ་རམ་འདེགས་བྱེད་པ།

    2020ལོའི་ཟླ་6ཚེས་20ཉིན་གྱི་ཞོགས་པའི་ཆུ་ཚོད་7པར། མཇུག་མཐའི་ཨར་འདམ་ལུགས་རྒྱག་ལས་ཀ་མཇུག་འགྲིལ་བ་དང་བསྟུན་ནས། ལྷ་ཉིང་ལྕགས་ལམ་རྫམ་ཡར་ཀླུང་གཙང་པོ་ཟམ་ཆེན་གྱི་ཟམ་གདུང་གཙོ་བོ་ལེགས་གྲུབ་ལྡན་པའི་ངང་མཐུད་ཐུབ་པ་རེད། དེ་ནས་བཟུང་། ལྷ་ཉིང་ལྕགས་ལམ་ལམ་ཐག་ཧྲིལ་པོའི་ཟམ་པ་གཙོ་བོ་120ཡི་གྲུབ་ཆ་གཙོ་བོའི་ལས་གྲྭ་ཚང་མ་ལེགས་གྲུབ་ཟིན་ནས། 2021ལོར་ལྷ་ཉིང་ལྕགས་ལམ་ཐོག་ཕྱོགས་ཡོངས་ནས་མེ་འཁོར་ཤར་གཏོང་ཐུབ་ཆེད་རྨང་གཞི་བཏིང་ཡོད་པ་རེད།

    རྫམ་ཡར་ཀླུང་གཙང་པོ་ཟམ་ཆེན་དེ་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་ཁོངས་ཀྱི་ཟངས་རྒྱ་གྲོག་རོང་ཆེ་མོའི་རྫམ་ཆུ་ཤུགས་གློག་ཁང་སྟོད་རྒྱུད་ཀྱི་ཆུ་མཛོད་ཁུལ་དུ་གནས་པ་དང་། ཆུའི་གཏིང་ཚད་སྨི་66ཟིན་པའི་ཡར་ཀླུང་གཙང་པོ་སྒྲོལ་ཞིང་། ཟམ་ཆེན་གྱི་རིང་ཚད་ལ་སྨི་525.1དང་། གཞུ་དབྱིབས་གཙོ་བོའི་ཚངས་ཐིག་ལ་སྨི་430 ཟམ་པ་གནས་ཡུལ་གྱི་ས་བབ་མཐོ་ཚད་ལ་སྨི་3350བཅས་ཡོད་པ་དང་། དེ་ནི་མིག་སྔར་འཛམ་གླིང་ཐོག་ས་བབ་མཐོ་ཤོས་དང་བརྒལ་ཚད་ཆེ་ཤོས་ཀྱི་ལྕགས་ལམ་ལྕགས་མདོང་གི་ཨར་འདམ་གཞུ་དབྱིབས་ཟམ་པ་ཞིག་རེད། རྒྱང་རིང་ནས་བལྟས་ཚེ། རྫམ་ཡར་ཀླུང་གཙང་པོ་ཟམ་ཆེན་དེ“ས་མཐོའི་འཇའ་ཚོན”གཙང་པོར་ཟུག་པ་དང་འདྲ་བར་ལྷོ་བྱང་འཕྲེད་དུ་བརྒལ་ནས་བོད་ཀྱི་ཡིད་དབང་འཕྲོག་པའི་འཇའ་ཚོན་རི་མོ་དང་འདྲ་བར་སྣང་།

    འབྲུག་ཆེན་གྱིས་གཙང་པོ་བརྒལ་བ་ལྟར་དུ་སྣང་བ་ནི་རང་རྒྱལ་མཐོ་གྲང་ས་ཁུལ་གྱི་ལྕགས་ལམ་ཟམ་སྐྲུན་ལོ་རྒྱུས་ཐོག་གི་མཆོང་སྐྱོད་གསར་པ་ཞིག་ཡིན་ཞིང་། ལྷ་ཉིང་ལྕགས་ལམ་དེ་རྒྱལ་ཁབ་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་ཀྱི་གཙོ་གནད་ལས་གྲྭ་ཞིག་ཡིན་པའི་ངོས་ནས། བོད་ཀྱི་གློག་ཤུགས་ཅན་གྱི་ལྕགས་ལམ་ཐོག་མ་དེ་རེད། སྔར་ནས་བཟུང་། བོད་ལྗོངས་ལ་འཛམ་གླིང་གི་སྣེ་གསུམ་པའི་དཀའ་ཚེགས་ཆེ་བའི་ཁུལ་ཞེས་འབོད་ཅིང་། རླུང་ཤུགས་ཆེ་བ་དང་། དྲོད་ཚད་དམའ་བ། གསོ་རླུང་དཀོན་པ་མ་ཟད། ད་དུང་ས་བབ་རྙོག་འཛིང་ཆེ་བ་དང་སྣོད་བཅུད་ཉམས་ཞན་ཡིན་པའི་ཁར། ལྕགས་ལམ་ཟམ་པ་སྐྲུན་སྐབས་གྲོག་རོང་དོག་ཅིང་ཆུང་བ་དང་མཐོ་སར་ཨར་ལས་བྱེད་དགོས་པ་སོགས་ཀྱི་ཚོད་བགམ་ཆེན་པོ་འཕྲད་ནས། བརྒལ་ཚད་མཐོ་བའི་ལྕགས་མདོང་གཞུ་དབྱིབས་ཟམ་པ་དེ་ལྷ་ཉིང་ལམ་ཐིག་གི་ལྕགས་ལམ་ཟམ་པ་བསྐྲུན་རིང་དཀའ་ཚེགས་ཆེ་ཤོས་ཀྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་ཏུ་གྱུར་ཡོད། འོན་ཀྱང་ལྕགས་ལམ་སྐྲུན་མཁན་རྣམས་ཀྱིས་དཀའ་ངལ་དང་ཉེན་ཁར་མི་སྐྲག་པར་གཞན་གྱི་སྔོན་དུ་བྱེད་ཕོད་པའི་ཐོག་ནས། ལྕགས་འབྲེལ་རྣམ་པའི་ལྗིད་འདེགས་འཕྲུལ་འཁོར་གསར་གཏོད་བྱས་ནས་སྤྱད་པ་དང་། ཟམ་པ་སྤྱོད་ཡུན་རིང་པོ་ཡོང་ཆེད། རྣོ་ལྕགས་རྒྱུ་ཆ་སྤྱོད་པ་བཅས་བྱས་པས་ཟམ་པའི་ངོས་སུ་དབྱང་འགྱུར་སྲུང་སྐྱི་གྲུབ་ཡོད། རྫམ་ཡར་ཀླུང་གཙང་པོ་ཟམ་ཆེན་བདེ་བླག་ངང་སྐྲུན་མཇུག་འགྲིལ་བ་ནི། འཛུགས་སྐྲུན་མཁན་ཚོའི་བློ་གྲོས་ཀྱི་ཉིང་བཅུད་ཡིན་པ་དང་། ཨར་ལས་བརྒྱུད་རིམ་ནང་ཆགས་པའི་དོ་དམ་ཉམས་མྱོང་དང་ཨར་ལས་ལག་རྩལ་མང་པོ་ཞིག་གིས་བོད་དུ་སླད་ཕྱིན་ལྕགས་ལམ་འཛུགས་སྐྲུན་བྱེད་པར་དཔྱད་གཞི་མཁོ་འདོན་དང་རོཌ་རམ་བྱེད་རྒྱུ་རེད།

    ལྷོ་ནུབ་འགྲིམ་འགྲུལ་གྱི“བསམ་ཇུས་གཅིག”གིས་བོད་ལྗོངས་འཕེལ་རྒྱས་ཀྱི་འཇུར་མིག་དཀའ་གནད་སེལ་རྒྱུར་རེ་སྒུག་གསར་པ་དེ་བས་ཆེན་པོ་སྦྱིན་ཞིང་། “ཕྱུག་པོ་ཆགས་འདོད་ན་སྔོན་ལ་ལམ་བཟོ་དགོས”ཞེས་པ་ལྟར། ལྷ་ཉིང་ལྕགས་ལམ་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གལ་ཆེན་30ལྷག་ཙམ་བརྒྱུད་དེ་མཚོ་བོད་ལྕགས་ལམ་དང་སྦྲེལ་མཐུད་ཐུབ་ནས་རྒྱལ་ཁབ་ཀྱི་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་འཐབ་ཇུས་ལ་ལྕགས་ལམ་སྐྱེལ་འདྲེན་གྱི་འདེགས་སྐྱོར་གལ་ཆེན་ཐུབ་ཀྱི་ཡོད། དེ་བོད་ཀྱི་འགྲིམ་འགྲུལ་རྗེས་ལུས་ཀྱི་ད་ལྟའི་གནས་ཚུལ་ལེགས་སུ་གཏོང་བ་དང་། “གཞན་དང་འབྲེལ་ཐག་ཆད་པའི”མིང་བྱང་རྙིང་པ་མེད་པར་བཟོས་ནས། རྣམ་པ་གསར་རྐྱང་གི་ཐོག་ནས་སི་ཁྲོན་དང་ཁྲུང་ཆིང་དཔལ་འབྱོར་ཁུལ་དང་འབྲི་ཆུའི་དཔལ་འབྱོར་རྒྱུད་མཉམ་འདྲེས་ཐུབ་ཏེ། ལྷོ་ནུབ་ལྕགས་ལམ་གྱི་འགྲིམ་འགྲུལ་དྲ་བ་ལེགས་སུ་གཏོང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

    དཀར་གཙང་མཇལ་དར་ཕྱོགས་བཞིར་ལྷབ་ལྷུབ་ཏུ་གཡོ་བ་ནི་བོད་ལྗོངས་མི་དམངས་བདེ་སྐྱིད་ལམ་དུ་སྐྱོད་པའི་མཚོན་ཚུལ་གསར་པ་ཞིག་རེད། བོད་ལྗོངས་ནི་ས་རྒྱ་ཆེ་ཞིང་། བརྗིད་ཉམས་ལྡན་ལ། ངོ་མཚར་ཆེ་བའི་རང་བྱུང་ཡུལ་ལྗོངས་དང་། ཕུན་སུམ་ཚོགས་ལ་འོད་སྟོང་འཕྲོ་བའི་མི་རིགས་ཀྱི་རིག་གནས་ལྡན་ཡོད་པ་མ་ཟད། ཡར་ཀླུང་གཙང་པོ་དང་། ཕོ་བྲང་པོ་ཏ་ལ། གཙུག་ལག་ཁང་སོགས་སྐད་གྲགས་ཆེ་བའི་ཡུལ་སྐོར་མཛེས་ལྗོངས་ཁུལ་མང་པོ་ཡོད་པས་མི་རྣམས་ཡིད་སྨོན་བྱེད་ས་ཞིག་ཡིན། ཡིན་ནའང་། དེ་སྔ་འགྲིམ་འགྲུལ་སྟབས་བདེ་པོ་མེད་པ་ནི་བོད་དུ་ཡུལ་སྐོར་དུ་ཡོང་བའི་དཀའ་གནད་ཆེན་པོ་ཞིག་རེད། ལྷ་ཉིང་ལྕགས་ལམ་དེ་བོད་ཀྱི“འཕྲེད་གཉིས་གཞུང་གཉིས”ཀྱི་ལྕགས་ལམ་དྲ་བའི་མ་ལམ་གལ་ཆེན་ཞིག་ཡིན་པའི་ངོས་ནས། སྟབས་བདེའི་འགྲིམ་འགྲུལ་ལས་བོད་ལ་ཡུལ་སྐོར་དུ་ཡོང་མཁན་ཇེ་མང་དུ་འགྲོ་རྒྱུ་མ་ཟད། ད་དུང་ས་གནས་དེ་གའི་མི་དམངས་ཕྱིར་སྐྱོད་རྒྱུར་ཡང་སྟབས་བདེ་བསྐྲུན་རྒྱུ་རེད། དེས་བོད་ལྗོངས་ས་ཁུལ་དང་ནང་སའི་དབར་སྤེལ་རེས་འགྲོ་འོང་བྱེད་ཤུགས་ཆེ་རུ་བཏང་ནས་མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བ་དང་། བོད་རིགས་མི་དམངས་ལ་བདེ་སྐྱིད་སྐྲུན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བཅས་ལ་ཕན་པ་ཡོད་པས། མཛའ་གྲོགས་མཚོན་པའི་ཁ་བཏགས་གཡོགས་པའི་མེ་འཁོར་གྱིས་བོད་རིགས་ཀྱི་ལྷག་བསམ་དང་བཀྲ་ཤིས་སྨོན་འདུན་མེས་རྒྱལ་གྱི་ས་གཞི་ཆེ་མོར་བརྒྱུད་སྤྲོད་བྱེད་ངེས་རེད།

    ཟམ་ཆེན་གཅིག་གིས་ལྷོ་བྱང་སྦྲེལ་མཐུད་ཐུབ། རང་བྱུང་འོབས་ཆེན་བདེ་བགྲོད་ལམ་དུ་གྱུར། མཐོ་གྲང་ས་ཁུལ་གྱི་ལྕགས་ལམ་རྒྱག་པའི་ལག་རྩལ་རྒྱུན་ཆད་མེད་པར་ཡར་རྒྱས་ཕྱིན་པ་དང་བསྟུན་ནས། མི་རིང་བར་ཀྲུང་གོ་བ་རང་ཉིད་ཀྱི་མྱུར་བགྲོད་ལྕགས་ལམ་ལ་བསྡད་དེ་གངས་ལྗོངས་སུ་བསྐྱོད་ནས་འཛམ་གླིང་ཡང་རྩེའི་ལྟ་ན་སྡུག་པའི་ཡུལ་ལྗོངས་མྱོང་རོལ་བྱེད་ཐུབ་ངེས་ཡིན། (དཔལ་འབྱོར་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང)

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001391723731