བོད་ལྗོངས།
ཟླ་1པོ་ནས་5པའི་བར་བོད་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་བརྟན་ལ་ལེགས་པ།

    རིམས་ནད་སྔོན་འགོག་དང་ཚོད་འཛིན་རྒྱུན་རྣམ་ཅན་གྱི་འོག་བདེ་འཇགས་ཐོན་སྐྱེད་ལས་དོན་རྒྱུན་མཐུད་ངང་ཡག་པོ་སྒྲུབ་དགོས་པ།

    ཉིན་ཤས་གོང་གསར་འགོད་པར་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་བདེ་འཇགས་ཐོན་སྐྱེད་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་1པོ་ནས་5པའི་བར་རང་ལྗོངས་ཀྱི་བདེ་འཇགས་དུས་བབ་སྤྱི་ཡོངས་ནས་བརྟན་ལ་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་བྱུང་བ་དང་། དོན་རྐྱེན་ཐོན་ཚད་དང་། མི་འཆི་ཚད། མི་རྨས་ཚད། དཔལ་འབྱོར་གྱི་གྱོང་གུན་ཕོག་ཚད་བཅས་ཚང་མ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཆག་སྟེ་དོན་རྐྱེན་ཆེན་པོ་དང་ཚབས་ཆེན་ཐོན་མེད་པ་རེད།

    རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་གི་ཏང་ཨུད་ཀྱི་ཨུ་ཡོན་དང་ཐིང་ཀྲང་གཞོན་པ་བསྟན་པ་རྒྱ་མཚོས་ངོ་སྤྲོད་བྱས་དོན། ཁྱབ་ཁོངས་ཁག་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱུང་བ་དང་ཆབས་ཅིག རང་ལྗོངས་ཀྱི་རིམ་ཁག་འཕྲལ་སྡོམ་དོ་དམ་སྡེ་ཚན་གྱིས་བདེ་འཇགས་ལྟ་འདོམས་བྱ་ཐབས་གསར་གཏོད་བྱེད་པ་དང་། དྲ་ཐོག་ནས་སྲིད་འཛིན་ཞིབ་མཆན་གཉེར་རྒྱུ་ཁྱབ་གདལ་གཏོང་བ། བདེ་འཇགས་སློབ་གསོའི་དྲ་ཐོག་གི་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། བདེ་འཇགས་ཐོན་སྐྱེད་ཀྱི་ཞབས་ཞུའི་མཛུབ་ཁྲིད་རུ་ཁག་མངགས་པ། རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་སྒོ་རྩར་ཞབས་ཞུ་དང་མཛུབ་ཁྲིད་བྱེད་པ། ཁེ་ལས་ལ་ཉེན་ཁ་དབྱེ་འབྱེད་ངོས་འཛིན་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱེད་རྒྱུར་རོགས་རམ་དང་མཛུབ་ཁྲིད་བྱེད་པ། འཕྲལ་སྡོམ་རོགས་སྐྱོབ་དང་ཁ་གཏད་གཅོག་པའི་གྲ་སྒྲིག་ལ་ཤུགས་སྣོན་རྒྱག་པ་སོགས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྒྱུན་རྣམ་ཅན་གྱི་གནས་ཚུལ་འོག་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་རེད།

    དེ་དང་ཆབས་ཅིག་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱི་འབྲེལ་ཡོད་བླང་བྱར་གཞིགས་ནས་རང་ལྗོངས་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་བཅོས་སྒྲིག་གི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི་ཞིབ་བཟོ་བྱས་པ་དང་། ད་ལྟ་སྤྱིའི་ཇུས་གཞི་1དང་། ཆེད་དོན་ལག་བསྟར་ཇུས་གཞི་2ཆེད་དོན་བཅོས་སྒྲིག་གི་ལག་བསྟར་ཇུས་གཞི་10བཅས་ཚུད་པའི《བོད་རང་སྐྱོང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་བཅོས་སྒྲིག་གི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི》གྲུབ་ཡོད། དེ་དང་ཆབས་ཅིག《ཞིང་འབྲོག་ཁུལ་གྱི་བདེ་འཇགས་ཐོན་སྐྱེད་ཀྱི་དྲིལ་བསྒྲགས་ལག་བསྟར་ཇུས་གཞི》ཆེད་མངགས་བཟོས་ནས་ཞིང་འབྲོག་ཁུལ་མང་ཚོགས་ཀྱི་བདེ་འཇགས་ཐོན་སྐྱེད་སློབ་གསོར་ཤུགས་སྣོན་བརྒྱབ་ཡོད།

    བསྟན་པ་རྒྱ་མཚོས་ངོ་སྤྲོད་བྱས་དོན། གོམ་སྟབས་རྗེས་མར་རང་ལྗོངས་ཀྱིས“བདེ་འཇགས་ཐོན་སྐྱེད་ཟླ་བ”དང་། བདེ་འཇགས་ཉེན་ཟོན་སློབ་གསོ་དང་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས། འཕྲལ་སྡོམ་སྔོན་ཇུས་ནང་སྦྱོང་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་ལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ་དང་། དོན་རྐྱེན་ཐོན་ཚད་དང་། མི་སྣ་འཆི་ཚད་ཆག་རྒྱུར་མུ་མཐུད་བརྩོན་ལེན་བྱེད་པ། དོན་རྐྱེན་ཆེན་པོ་མ་ཐོན་པའི་ཚོད་འཛིན་ནན་པོ་བྱེད་པ། དོན་རྐྱེན་ཆེ་བ་དང་ཚབས་ཆེན་མ་ཐོན་སྔོན་འགོག་དང་གཏན་འགོག་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས། ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་རྒྱུན་མཐུད་བརྟན་པོའི་ངང་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་ཐུབ་པའི་འགན་ལེན་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་རྒྱུ་ཡིན་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001391723771