བོད་ལྗོངས།
བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཕྱི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་མིག་དམར་གྱིས་བརྗོད་དོན་“ལས་ཀ་ཡག་པོ་མ་བྱས་ན། མི་སེར་ལ་གདོང་སྟོན་ཐབས་མེད”

    ཧྲུའུ་ཅི་མིག་དམར་ལས་བྲེལ་ཆེ་བས་ཁོང་ཐེངས་གཅིག་ཐུག་རྒྱུའང་ལས་སླ་པོ་མེད། ད་ཐེངས་སྟོང་ལོག་ཏུ་འགྲོ་རྒྱུ་འཁེལ་བས་ཡང་བསྐྱར་དུས་ཚོད་ཅིག་བཙལ་ནས་ཁོང་ཐུག་པར་འགྲོ་རྒྱུ་འཁེལ། སྐད་ཆ་དྲིས་པས་ཧྲུའུ་ཅི་མིག་དམར་གྱིས་ཉེ་འཁོར་དུ་སྐྲུན་བཞིན་པའི་ལས་གྲྭའི་འགན་ཁུར་ཕྱོགས་ཀྱིས་གྲོང་ཚོའི་འཕྲུལ་ཆས་སྤྱོད་རྒྱུའི་ཐད་གྲོས་མོལ་བྱེད་པར་བསྐྱོད་པ་ཤེས།

    འདི་ལོ་ལོ་57ལ་སླེབས་པའི་ཧྲུའུ་ཅི་མིག་དམར་གྱིས། ལོ་དེ་དག་རིང་ཡུལ་མིའི་སྣེ་ཁྲིད་དེ་ཚོང་གཉེར་བྱས་པས་བྲག་ཕྱི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་ཤུགས་ཆེན་འཕར་ཞིང་། 2019ལོར། འཛུགས་སྐྲུན་རྒྱུ་ཆ་ཚོང་གྲོང་དང་། ཟོག་འགྲེམས་གླིང་། མཛེས་ལྗོངས་ཁུལ་སོགས་ཀྱི་ཐོན་ལས་ལ་བརྟེན་ནས་བྲག་ཕྱི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་1200ལྷག་ཙམ་ཟིན་ཞིང་། ཡུལ་མི་མི་རེར་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་3.4རག་པ་དང་། ཁེ་སྤོགས་བགོ་བཤའ་ཉུང་ཤོས་ཐོབ་མཁན་ཁྱིམ་ཚང་ལ་ཡང་སྒོར་ཁྲི་10ཙམ་བྱུང་བ་རེད།

    ཡིན་ནའང་། ཧྲུའུ་ཅི་མིག་དམར་གྱིས་མཐོང་ཆེན་བྱེད་ས་ནི་གྲངས་འབོར་འཕར་སྣོན་བྱུང་བ་ཙམ་མ་ཡིན་ཞིང་། ཁོང་གིས“བྲག་ཕྱི་གྲོང་ཚོའི་ས་ཁམས་ཆ་རྐྱེན་ཡག་པོ་ཡོད་པས། སྔ་ཙམ་དབུལ་སྒྲོལ་ཐུབ་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བདེ་སྐྱིད་གྲོང་ཚོ་འཛུགས་སྐྲུན་ཇི་ལྟར་བྱེད་པའི་ཐད་སྔ་ས་ནས་བསམ་གཞིག་བྱེད་ཀྱི་ཡོད། ངའི་བསམ་པར། དམིགས་ཡུལ་ནི་ཡུན་རིང་འཕེལ་རྒྱས་ལ་རྨང་གཞི་ཡོད་པ་དང་། ཐུན་མོང་ཕྱུག་པོ་ཆགས་སྐབས་ཡུལ་མི་གཅིག་ཀྱང་མི་ལུས་པར་བྱས་ནས། བྲག་ཕྱི་གྲོང་ཚོའི་ཡུལ་མི་ཚང་མ་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་རྒྱུ་དེ་ཡིན”ཞེས་བརྗོད། ཏང་ནང་ཞུགས་ནས་ལོ་25སོང་བའི་ཧྲུའུ་ཅི་མིག་དམར་གྱིས་དུས་དང་རྣམ་པ་ཀུན་ཏུ་ཏང་ཡོན་ཞིག་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་ཀྱི་ཡོད།

    2012ལོར། གྲོང་ཚོར་བཤིག་སྤོའི་ཁ་གསབ་རོགས་དངུལ་འབོར་ཆེན་རག་པ་དང་། དངུལ་མང་པོ་དེ་འདྲ་མཐོང་སྐབས། ཡུལ་མི་ཚོའི་སེམས་ལ་དགའ་ཚོར་དཔག་མེད་སྐྱེས། “དངུལ་སྤྲོད་རྒྱུ་ནི་གནས་སྐབས་ཀྱི་ཁེ་ཕན་རེད། མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གང་འདྲ་གཏོང་དགོས་སམ། ཐོན་ལས་འཕེལ་རྒྱས་གང་འདྲ་གཏོང་དགོས་སམ། གལ་ཏེ་ཡུལ་མི་ལ་ལ་ངལ་རྩོལ་ནུས་པ་ཤོར་ན་གང་འདྲ་བྱེད་དམ”སོགས་གནད་དོན་མང་དག་ཅིག་ལ་བསམ་གཞིག་ཡང་ཡང་བྱས་ཤིང་། ཁོང་གིས“ང་ཚོ་གུང་ཁྲན་ཏང་མིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་འགྱུར་བྱེད་སྐབས་ཕུགས་ཀྱི་ཇུས་གཞི་དེ་བས་ཡག་པོ་ཞིག་འདིང་དགོས”ཞེས་བརྗོད།

    ཡིན་ནའང་། མཉམ་སྡེབ་དཔལ་འབྱོར་གྱི་ཐོན་ལས་འཕེལ་རྒྱས་གཏོང་བར་མ་དངུལ་མཁོ་བ་དང་། བཤིག་སྤོའི་ཁ་གསབ་རོགས་དངུལ་ཡུལ་མིར་སྤྲད་ཟིན་པས། ཚུར་བསྡུ་བར་དཀའ་ངལ་ཆེན་པོ་ཡོད། ཧྲུའུ་ཅི་མིག་དམར་གྱིས་ཡུལ་མི་ཚོར་རང་གི་བསམ་ཚུལ་བཤད་ནའང་ཁོང་ཚོས། “དངུལ་དེ་གྱོང་གུན་ཕོག་ན་གང་འདྲ་བྱེད། དངུལ་བཏོན་ཡང་དྲང་གཞག་ཇི་ལྟར་ཡོང”“དངུལ་ཚང་མ་གཏོར་བ་ཡིན། ད་ལྟ་འདོན་ཐུབ་པ་མི་འདུག”ཅེས་པ་བཤད།

    དེའི་སྐབས་སུ། ཚང་མས་ཧྲུའུ་ཅི་མིག་དམར་མཐོང་མ་ཐག་གཡོལ་འགྲོ་བ་དང་། ཁོང་གིས་མ་དངུལ་འདོན་རྒྱུའི་སྐོར་གླེང་དོགས་ཀྱི་ཞེད་སྣང་བྱེད་ཀྱི་ཡོད།

    “གལ་ཏེ་ཏང་ཡོན་ལས་བྱེད་པས་སྣེ་མ་ཁྲིད་ན། དོན་དག་དེ་འཕྱུགས་པ་ཡོད”ཅེས་ཧྲུའུ་ཅི་མིག་དམར་གྱིས་མྱོང་ཚོར་ཟབ་མོའི་ངང་བརྗོད། མ་དངུལ་བསྡུ་རུབ་བྱེད་ཆེད། ཁོང་གིས་གྲོང་ཚོའི་ཏང་ཡོན་ལས་བྱེད་པའི་ཚོགས་འདུ་ཐེངས་མང་འཚོགས་ནས་དོན་དངོས་དྲངས་པ་དང་གནས་ལུགས་བཤད་ཅིང་། “དངུལ་ལག་ཏུ་སྤྲད་ན། གཏོར་ནས་རྫོགས་རྒྱུ་རེད། ཐོན་ལས་ཡོད་ན། གཞི་ནས་རྒྱུན་མཐུད་ཡོང་འབབ་གཏོད་ཐུབ། དངུལ་དེ་དག་ཉར་ནས་བསྡད་ན་གནས་སྐབས་དངུལ་ཁུག་ལྗིད་ཏིག་ཏིག་ཆགས་ཀྱི་རེད། ཡིན་ནའང་ང་ཚོའི་ཚ་བོ་དང་ཚ་མོ་རྣམས་གང་འདྲ་བྱེད་དམ”ཅེས་བརྗོད། ཧྲུའུ་ཅི་མིག་དམར་གྱིས་སྙིང་གཏམ་བཤད་ནས་སྔོན་ལ་གྲོང་ཚོའི་ཏང་ཡོན་གོ་སྐོན་བློ་འགུགས་བྱས་པ་དང་། དེ་ནས་ཏང་ཡོན་ཚོས་རང་ཁྱིམ་དང་གྲོང་པ་ཁྱིམ་མཚེས་ལ་བསམ་བློའི་ལས་དོན་བསྒྲུབས། མཐར་གྲོང་ཚོ་ཡོངས་སུ་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་ཚང་མས་དངུལ་འདོན་རྒྱུ་དང་། ཧྲུའུ་ཅི་མིག་དམར་ཚོད་ལྟ་བྱེད་དུ་འཇུག་རྒྱུའི་ཐུན་མོང་གི་ངོས་འཛིན་བྱུང་།

    དེས་ན། ཡུལ་མི་ཚོས་བསྡུ་རུབ་བྱས་པའི་མ་དངུལ་སྒོར་ཁྲི་1500དེ་བྲག་ཕྱི་གྲོང་ཚོའི་མཉམ་སྡེབ་ཐོན་ལས་ཀྱི“འཕེལ་རྒྱས་མ་དངུལ”ལ་གྱུར་ནས། འཛུགས་སྐྲུན་རྒྱུ་ཆའི་ཁྲོམ་ར་ཞིག་སྐྲུན་འགོ་ཚུགས་པ་དང་། ཚོང་ཇེ་ལེགས་སུ་ཕྱིན་པས། ཡུལ་མི་ཚོས་མ་དངུལ་བཏོན་པར་ཕན་འབྲས་བྱུང་བ་མཐོང་ཡོད་ལ། ཧྲུའུ་ཅི་མིག་དམར་ལ་དེ་བས་ཡིད་ཆེས་ཆེ་རུ་ཕྱིན།

    “ང་ཚོའི་གྲོང་ཚོའི་ལས་བྱེད་པས་ཡུན་རིང་འཕེལ་རྒྱས་དང་དུས་ཐུང་འཕེལ་རྒྱས་དབར་གྱི་འབྲེལ་བར་རྩོད་སྒྲུབ་ཀྱིས་ངོས་འཛིན་བྱས་ནས། བྲག་ཕྱི་གྲོང་ཚོ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཆེད་རྨང་གཞི་བརྟན་པོ་འདིང་དགོས”ཞེས་ཧྲུའུ་ཅི་མིག་དམར་གྱིས་བརྗོད།

    “ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། འཕེལ་རྒྱས་གཏོང་མཁས་པ། ཕྱུག་པོ་ཆགས་ཐུབ་པ”བཅས་ནི་ཧྲུའུ་ཅི་མིག་དམར་གྱི་ལོ་དེ་དག་རིང་གི་ཉམས་མྱོང་ཡིན་ཞིང་། ཏང་གི་སྲིད་ཇུས་དང་ཡིག་ཆ་ཧྲུའུ་ཅི་མིག་དམར་གྱིས་ཐོག་མཐའ་བར་གསུམ་དུ་སློབ་སྦྱོང་ནན་ཏན་བྱེད་ཀྱི་ཡོད་ལ། ཚོགས་འདུར་ཡང་ཧུར་ཐག་ཞུགས་ཀྱི་ཡོད། ཚོགས་འདུར་ཞུགས་པ་མ་ཟད། སྲིད་ཇུས་དང་ཡིག་ཆ་བྲག་ཕྱི་གྲོང་ཚོའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བསམ་གཞིག་ཡང་ཡང་བྱེད་ཀྱི་ཡོད། བསམ་ཡུལ་ལས་འདས་པ་ཞིག་ལ། ཁོང་ལ་ཕྱུག་འགྱུར་གྱི་ཐབས་ལམ་གསར་པ་ཞིག་རྙེད།

    2016ལོར། ཧྲུའུ་ཅི་མིག་དམར་ཆུས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡིན་པའི་ངོས་ནས་བྲག་ཡིབ་ཆུས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་པ་དང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཀློག་སྐབས། ཧྲུའུ་ཅི་མིག་དམར་གྱིས་ཤེས་ཚོར་སྐྱེན་པོས་དེའི་ནང་གི་གོ་སྐབས་ཤེས་རྟོགས་བྱུང་ཞིང་། ཁོང་གིས“ཡིག་ཆའི་ནང་། བྲག་ཡིབ་ཆུས་ཀྱིས་ཡུལ་སྐོར་གཙོ་གནད་ཐོག་འཕེལ་རྒྱས་གཏོང་དགོས་པས། ཁོར་ཡུག་བཅོས་སྒྲིག་དང་སྒྲིག་འགལ་ངང་བསྐྲུན་པའི་སྐྲུན་དངོས་བཤིག་དགོས་ཞེས་འཁོད་འདུག སྐབས་དེ་དུས་བྲག་ཕྱི་གྲོང་ཚོས་གཞན་གྱི་སྔོན་ལ་དེ་དག་བྱེད་ཐུབ་ན། འཕེལ་རྒྱས་ཀྱི་འཕར་གཞི་གསར་པ་འཚོལ་ཐུབ་ཀྱི་རེད་སྙམ་བྱུང”ཞེས་བརྗོད།

    གྲོང་ཚོར་ལོག་རྗེས། ཧྲུའུ་ཅི་མིག་དམར་གྱིས་ཚོགས་འདུ་འཚོགས་ནས་དེའི་སྐོར་གླེང་མ་ཐག་ཡུལ་མི་ཚང་མས་རྒྱབ་སྐྱོར་བྱས། འཛུགས་སྐྲུན་རྒྱུ་ཆའི་ཁྲོམ་རའི་ཉམས་མྱོང་ཡོད་པས། ཚང་མས་ཧྲུའུ་ཅི་མིག་དམར་ལ་ཡིད་ཆེས་བརྟན་པོ་བྱེད་པ་མ་ཟད། ད་དུང་ཡུལ་མི་ཚོས་གཅིག་རྗེས་གཉིས་མཐུད་ངང་མ་དངུལ་བཏང་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་ཡང་བྱས། ཡུལ་མི་ཚོ་དགའ་ཚོར་ཆེན་པོ་བྱུང་བའི་སྐབས། ཧྲུའུ་ཅི་མིག་དམར་གྱིས་ཁོང་ཚོར་ཆ་རྐྱེན་ཞིག་བཏོན་པ་སྟེ། “ཡུལ་མི་ཚང་མས་མ་དངུལ་འདོན་རྒྱུར་ཚད་བཀག་ཡོད། ཁྱིམ་ཚང་ཕྱུག་པོས་དངུལ་མང་པོ་འདོན་མི་ཆོག་ལ། ཁྱིམ་ཚང་དབུལ་པོས་དངུལ་འདོན་རྒྱུར་ཡང་རྒྱབ་སྐྱོར་བྱེད་དགོས”ཞེས་བརྗོད།

    ཡུལ་མི་ཚོར“དངུལ་ག་ཚོད་བསྡུས་ན་དེ་ཙམ་གྱིས་ཡག་པ་ཡོད་མིན”གྱི་དོགས་འཆར་བྱུང་བ་རེད།

    ཧྲུའུ་ཅི་མིག་དམར་གྱིས“ང་ཚོས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བ་ནི་ཡོང་འབབ་གསོག་རྒྱུ་ཁོ་ནའི་ཆེད་དུ་མིན་པར། དེ་ནི་གྲོང་ཚོ་ཡོངས་ཀྱི་མི་དམངས་ཐུན་མོང་ཐོག་ཕྱུག་པོ་ཆགས་པའི་ཆེད་དུ་རེད། ང་ཚོའི་གྲོང་ཚོར་ཡུལ་མི་ཁ་ཤས་ཕྱུག་པོ་ཆགས་མོད། འོན་ཀྱང་་ཡུལ་མི་ཁ་ཤས་ད་དུང་གནས་སྐབས་རྗེས་སུ་ལུས་ཡོད་པས། མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་རིང་ངེས་པར་དུ་ཁོང་ཚོར་ལྟ་རྟོགས་བྱེད་དགོས”ཞེས་བརྗོད།

    ཡུལ་མི་ཚོས་གཅིག་མཇུག་གཉིས་མཐུད་ངང་རྒྱབ་སྐྱོར་བྱས་པས། 2019ལོའི་ཟླ་7པར། ས་ཁྱོན་མུའུ་230ལྷག་ཙམ་ཟིན་པའི་བྲག་ཕྱིའི་དུས་ཐེངས་དང་པོའི་ཟོག་འགྲེམས་གླིང་བདེ་བླག་ངང་བསྐྲུན་ཞིང་། གསར་དུ་བསྐྲུན་པའི་གླིང་ཁུལ་དུ་སྐྱོད་སྐབས། རླངས་འཁོར་ཆད་མེད་ངང་ཕར་འགྲོ་ཚུར་འགྲོ་བྱེད་པ་དང་མཛོད་ཁང་ནང་དངོས་ཟོག་སྣ་ཚོགས་ཀྱིས་ཁེངས་འདུག ཟོག་འགྲེམས་གླིང་གིས་ཉིང་ཁྲི་གྲོང་ཁྱེར་གྱི་འཕེལ་རྒྱས་ལ་ལེ་ལག་ཚང་བའི་སྒྲིག་བཀོད་ཀྱི་འགན་ལེན་བྱས་ཡོད་ལ། ས་གནས་དེ་གའི་མང་ཚོགས་ལ་ལས་ཞུགས་ཀྱི་གོ་སྐབས་དེ་བས་མང་བ་བསྐྲུན་ཞིང་། ངོ་སྤྲོད་བྱས་པར་གཞིགས་ན། བྲག་ཕྱི་ཟོག་འགྲེམས་གླིང་གྱིས་ས་གནས་དེ་གའི་མང་ཚོགས་ལ་སྒོར་ཁྲི་800ལྷག་ཙམ་ཟིན་པའི་འཕྲུལ་ཆས་དང་ལས་མིའི་གླ་ཆའི་ཡོང་འབབ་བཏོད་པ་དང་འབྲེལ། ཉེ་འཁོར་གྱི་མང་ཚོགས་1000ལྷག་ཙམ་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་ཀྱང་བྱས་ཡོད་པ་རེད།

    བྲག་ཕྱི་གྲོང་ཚོའི་གྲོང་སྡོད་ཧྲུའུ་ཅི་དང་པོ་ཀྲོའུ་ཧའོ་ཡིས“ཧྲུའུ་ཅི་མིག་དམར་མིག་རྒྱང་རིང་པོ་འདུག་ལ། ཁ་ཕྱོགས་ཀྱང་ཡང་དག་འདུག ཉིང་ཁྲི་གྲོང་ཁུལ་དང་ས་འབྲེལ་ཡིན་པའི་ལེགས་ཆ་གང་ལེགས་སྤྱད་དེ། བྲག་ཕྱི་གྲོང་ཚོར་འཆར་འགོད་བྱས་པའི་ཐོན་ལས་ཚང་མ་གྲོང་ཁྱེར་གྱི་འཚོ་བར་ཞབས་འདེགས་ཞུ་བ་དང་འབྲེལ་བ་ཡོད་པས། འཕེལ་རྒྱས་ཀྱི་མདུན་ལམ་ཆེན་པོ་ཡོད”ཅེས་བརྗོད།

    ཧྲུའུ་ཅི་མིག་དམར་གྱིས། “དེ་དག་ཚང་མ་འུ་ཐུག་ནས་བྱུང་བ་ཞིག་རེད། ཏང་གིས་གྲོང་ཚོ་འཕེལ་རྒྱས་ཀྱི་འགན་འཁྲི་ང་ལ་སྤྲད་པས། ལས་ཀ་ཡག་པོ་མ་བྱས་ན། མི་སེར་ལ་གདོང་སྟོན་ཐབས་མེད”ཅེས་བརྗོད། (ཞུའེ་ཡུས་ཡའོ།)

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001391801191