བོད་ལྗོངས།
བདེ་སྐྱིད་ལམ་བུ་མཉམ་དུ་སྐྲུན། གོམ་ཞེང་ཆེན་པོས་འབྱུང་འགྱུར་གཏོད།

    ——ཁ་གཏད་བོད་སྐྱོར་ལས་དོན་སྤེལ་ནས་ལོ་26སོང་བར་ཕྱིར་མིག་བལྟ་བ།

    ལོ་26གོང་དུ་རྒྱལ་ཡོངས་ཀྱིས་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལོ་རྒྱུས་ལམ་བུའི་ཐོག་བསྐྱོད་འགོ་ཚུགས་པ་དང་། བོད་སྐྱོར་ལས་བྱེད་པ་ཁག་དང་ཁག་གིས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”རྒྱུན་འཛིན་བྱས་ཏེ་གཅིག་རྗེས་གཉིས་མཐུད་ངང་གངས་ལྗོངས་ས་མཐོར་བསྐྱོད་ནས་ཧུར་སེམས་ཆེན་པོ་དང་ཐ་ན་རྩ་ཆེའི་ཚེ་སྲོག་ཀྱང་བློས་བཏང་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།

    རྒྱལ་ཡོངས་ཀྱིས་བོད་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུ་ནི་ཀྲུང་དབྱང་གིས་བཏོན་པའི་ཐབས་ཇུས་འགངས་ཆེན་ཞིག་ཡིན་ཞིང་། དེ་ལག་བསྟར་བྱས་པ་ལས་བོད་ཀྱི་འཕེལ་རྒྱས་ལ་གསོན་ཤུགས་ཆེན་པོ་བསྣན་པ་དང་བོད་ཀྱི་མི་རིགས་ཁག་གི་མཐུན་སྒྲིལ་ཆེ་མོ་དང་། འཕེལ་རྒྱས་ཆེ་མོ། དར་རྒྱས་ཆེ་མོ་བཅས་ཀྱི་དུས་རབས་ཀྱི་དུང་བརྡ་ཆེན་པོ་གྲགས།

   རླབས་ཆེའི་གསར་གཏོད།

    ——བོད་སྐྱོར་ལམ་སྲོལ་གསར་གཏོད་བྱས་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

    བོད་ཀྱི་ས་ཁུལ་ཁག་དང་གྲོང་ཁྱེར་ཁག་གི་ཁྲོམ་གཞུང་ཆེ་ཁག་ཏུ་བསྐྱོད་ཚེ་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གཞན་དག་གི་མིང་བཏགས་པའི་གཞུང་ལམ་གང་སར་མཐོང་རྒྱུ་ཡོད་ལ། མངོན་གསལ་དོད་པོ་དེ་ཙམ་མེད་པའི་མིང་དེ་དག་ལས་ལོ་26རིང་བོད་མི་དམངས་ཀྱིས་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་ཁག་ལ་བཅངས་པའི་བརྩེ་དུང་བདེན་དཔང་ཐུབ་པ་མ་ཟད། ཀྲུང་དབྱང་གིས་ཁ་གཏད་བོད་སྐྱོར་གྱི་ལམ་སྲོལ་ལ་བརྟེན་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱང་གསལ་བཤད་ཐུབ།

    ཏང་ཀྲུང་དབྱང་གིས་སྔར་ནས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། 1984ལོར་འཚོགས་པའི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པའི་ཐོག་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིང་དང་ཧྲང་ཧའེ་སོགས་ཞིང་ཆེན་དང་གྲོང་ཁྱེར་9དང་དེ་སྔའི་ཆུ་གློག་པུའུ་སོགས་འབྲེལ་ཡོད་སྡེ་ཚན་གྱིས་བོད་ལ་ཁ་ཚ་དགོས་གཏུགས་ཀྱི་ལས་གྲྭའི་རྣམ་གྲངས་འབྲིང་ཆུང་ཁག་43སྐྲུན་རོགས་བྱ་རྒྱུའི་གཏན་འབེབས་བྱས་པ་དང་ལས་གྲྭ་ཁག་43དེ་དག་ལ་མི་ཚོས་ས་མཐོའི་སྟེང་གི“མུ་ཏིག་43”ཞེས་བརྗོད་ཀྱི་ཡོད།

    མིག་སྔའི་བར་ཁ་གཏད་རོགས་སྐྱོར་གྱི་ལས་འགན་ཁུར་བའི་ཀྲུང་དབྱང་གི་རྒྱལ་ཁབ་ལས་ཁུངས་དང་། འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་གི་ཁེ་ལས་བཅས་ཀྱིས་སྔ་རྗེས་སུ་ཁག་ཐེངས་9ཡི་ལས་བྱེད་པ་9600ལྷག་ཙམ་བོད་དུ་ལས་དོན་ལ་རོགས་སྐྱོར་བྱེད་པར་འདེམས་གཏོང་བྱས་པ་དང་འབྲེལ། ལས་བྱེད་ཤེས་ལྡན་པས་བོད་སྐྱོར་སྣེ་འདྲེན་དུ་བྱེད་པ་དང་དཔལ་འབྱོར་བོད་སྐྱོར་དང་། རིག་སྟོབས་བོད་སྐྱོར། ཚན་རྩལ་བོད་སྐྱོར། ཁེ་ལས་བོད་སྐྱོར། ལས་ཞུགས་བོད་སྐྱོར་བཅས་དང་དེ་བཞིན་སྨན་བཅོས་སློབ་གསོའི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སོགས་ཟུང་དུ་འབྲེལ་བའི་ཕྱོགས་ཡོངས་དང་། ཐབས་ལམ་མང་པོ། ཁྱབ་ཁོངས་ཡངས་པ་བཅས་ཀྱི་བོད་སྐྱོར་བཀོད་པ་ཞིག་ཆགས་པ་རེད།

    གཡུར་དུ་ཟ་བའི་འབྲས་བཟང་།

    ——བྱ་བ་དངོས་བསྒྲུབས་པས་བོད་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་སུ་ཟུག་པ།

    བོད་ལྗོངས་མངའ་རིས་ས་ཁུལ་ལ“འཛམ་གླིང་ཡང་རྩེའི་ཡང་རྩེ”ཞེས་འབོད་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཡན་ཟིན་ཡོད། ལོ་26གོང་དུ་དེ་གར་ནི་སྐབས་དེ་དུས་ལོ་50ལ་ཕེབས་མ་ཐག་པའི་ཕུལ་བྱུང་བོད་སྐྱོར་ལས་བྱེད་པ་ཁུང་ཕེན་སན་སྐུ་གཤེགས་ཡུལ་ཡིན་ཞིང་། ད་ཆ་བོད་སྐྱོར་ལས་བྱེད་པ་ཁག་དང་ཁག་སྔ་རྗེས་སུ་བསྐྱོད་དེ་ས་མཐོ་དེར་རང་ཉིད་ཀྱི་དམ་བཅའ་ལག་བསྟར་བྱེད་བཞིན་ཡོད།

    “དབུལ་ཞྭ་ཕུད་མ་ཐུབ་ཚེ་འགོ་ཁྲིད་པའི་ལས་གནས་ལས་ཕྱིར་འཐེན་བྱ་རྒྱུ་ཡིན”ཞེས་པ་དེ་ནི་མངའ་རིས་ས་ཁུལ་སྒར་རྫོང་ཨུད་ཀྱི་ཧྲུའུ་ཅི་ཀའོ་པའོ་ཅུན་གྱིས་བཞག་པའི་དབུལ་སྒྲོལ་གྱི་མཐའ་མའི་རྒྱལ་ཁ་ལེན་པའི“དམག་བཀའ་ཁུར་ལེན་ཞུ་ཡིག”རེད། 2013ལོར་ཧྲའན་ཤིས་ཞིང་ཆེན་གྱིས་མངགས་པའི་ཁག་བདུན་པའི་བོད་སྐྱོར་ལས་བྱེད་པ་ཡིན་པའི་ཀའོ་པའོ་ཅུན་སྒར་རྫོང་དུ་སླེབས་པ་དང་སྐབས་དེ་དུས་དེ་གའི་དབུལ་པོ་ཐོན་ཚད་20%ཟིན་ཡོད། ས་མཐོར་སླེབས་མ་ཐག་པའི་ཀའོ་པའོ་ཅུན་གྱིས་དུས་ཡུན་ཟླ་བ་གཅིག་ལྷག་ཙམ་སྤྱད་དེ་རྫོང་ཡོངས་ཀྱི་ཤང་གྲོང་5དང་གྲོང་ཚོ་15ཡི་དུད་ཚང་དབུལ་པོ་500ལྷག་ཙམ་དུ་བསྐྱོད།

    “རང་ཉིད་ཀྱིས་བཞག་པའི་དམ་བཅའ་ཡིན་གཅིག་སྒྲུབ་རྒྱུ་ཡིན”ཞེས་པ་ལྟར། 2018ལོའི་ཟླ་10པར་བོད་རང་སྐྱོང་ལྗོངས་ཀྱིས་རྫོང(ཆུས)25དབུལ་སྒྲོལ་ཐུབ་པའི་ཁྱབ་བསྒྲགས་བྱེད་སྐབས་སྒར་རྫོང་འདི་ཉིད་མངའ་རིས་ས་ཁུལ་གྱི་དབུལ་སྒྲོལ་དང་དབུལ་ཞྭ་ཕུད་པའི་རྫོང་དང་པོ་དེར་གྱུར། ཀའོ་པའོ་ཅུན་གྱིས་དམ་བཅའ་ལེགས་སྒྲུབ་བྱས་མོད། འོན་ཀྱང་ཁོང་གིས་དེ་ལས་ཁ་མ་བྲལ་བར་བོད་སྐྱོར་དུས་ཚད་ཐིམ་རྗེས་ཐད་ཀར་བོད་དུ་ལས་སྒྱུར་བྱ་རྒྱུའི་རེ་ཞུ་ཕུལ།

    གྲངས་གཞི་ལས་མངོན་པར། ལོ་26རིང་ཁ་གཏད་བོད་སྐྱོར་ལས་དོན་ཁྲོད་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་500ཙམ་བཏང་ནས་གཙོ་གནད་བོད་སྐྱོར་ལས་གྲྭ་ཁྲི་1ལྷག་ཙམ་འཛུགས་སྐྲུན་བྱས་པ་དང་། ཉེ་བའི་ལོ་5ཡི་རིང་ཁྱོན་བོད་སྐྱོར་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་143ལྷག་ཙམ་བཏང་ནས་བོད་སྐྱོར་དབུལ་སྐྱོར་རྣམ་གྲངས་1800ལྷག་ཙམ་ལག་བསྟར་བྱས་པ། ནང་སའི་རྫོང་དང་ཆུས་284དང་བོད་ཀྱི་རྫོང་དང་ཆུས་དང་ཤང་དང་གྲོང་རྡལ་དབར་ཆ་སྒྲིག་རོགས་སྐྱོར་གྱི་འབྲེལ་བ་བཙུགས་ཏེ་མང་ཚོགས་ཁྲི་23ལྷག་ཙམ་དབུལ་སྒྲོལ་བྱེད་རོགས་བཅས་བྱས་ཏེ་བོད་ཀྱི་དམངས་འཚོ་ལེགས་གཏོང་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་ཕྱོགས་ཡོངས་ནས་རམ་འདེགས་བྱས་པ་རེད།

    བརྩེ་དུང་གི་འབྲེལ་ཟམ།

    ——གངས་ལྗོངས་ས་མཐོར་མི་རིགས་ཀྱི་བརྩེ་དུང་ཟབ་མོ་བདེན་དཔང་བྱས་པ།

    ཁ་གཏད་བོད་སྐྱོར་ལས་དོན་གྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་བ་མ་ཟད། མི་རིགས་ཁག་དབར་སྤེལ་རེས་ཟབ་ཏུའང་བཏང་བ་རེད།

    བོད་སྐྱོར་མཇུག་འགྲིལ་མོད། དེ་སྔ་ལྷ་ས་གྲོང་ཁྱེར་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་དགེ་རྒན་བྱེད་མྱོང་བའི་ཞུང་ཨའེ་གོ་ལ་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་རིང་བོད་རིགས་སློབ་ཕྲུག་ཚོས་སེམས་ཁུར་ཡང་ཡང་བྱས་པར་ཁོང་གི་སེམས་དབུས་སུ་དྲོ་སྐྱིད་ཆེན་པོ་ཚོར་ཐུབ་ཡོད།

    ཞུང་ཨའེ་གོས་2015ལོར་རང་འགུལ་ངང་བོད་སྐྱོར་དུ་ཡོང་རྒྱུའི་རེ་ཞུ་བྱས་པ་དང་དུས་ཚད་ཐིམ་རྗེས་སླར་ཡང་ནར་འགྱངས་བྱ་རྒྱུའི་རེ་ཞུ་བྱས་ཤིང་། ཁོང་གིས་རང་ཉིད་ཕྲུ་གུ་ཚོ་དང་ཁ་འབྲལ་ཐུབ་ཀྱི་མི་འདུག་ལ་ཁོང་ཚོ་སློབ་གྲྭ་ཐོན་ཚེ་གཞི་ནས་བློ་བདེ་པོ་འདུག་ཅེས་བཤད།

    ལོ་20ལྷག་ཙམ་རིང་བོད་སྐྱོར་ལས་བྱེད་པ་ཁག་དང་ཁག་གིས་ལྷག་བསམ་རྣམ་དག་ལ་བརྟེན་ནས་ལྷད་མེད་བརྩེ་དུང་ཐོབ་པ་དང་མི་རིགས་མཐུན་སྒྲིལ་གྱི་གཏམ་བཟང་མང་པོ་བརྩམས།

    རིམས་ནད་ཐོན་རིང་ཧྲའན་ཤིས་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ལུའེ་ཀྲི་ཡུང་གིས་རིམས་འགོག་དངོས་ཟོག་གྲབས་གསོག་བྱས་ཏེ་ཉིན་མཚན་ལྔ་རླངས་འཁོར་བཏང་ནས་ཁ་བ་བུ་ཡུག་ལ་མ་འཛེམས་པར་ལེ་དབར་ཁྲི་ཡི་སར་བསྐྱོད་དེ་བོད་ལྗོངས་སྤུ་ཧྲེང་རྫོང་དུ་ལོག་ཡོང་། བོད་སྐྱོར་དུས་ཐེངས་གཉིས་མཇུག་འགྲིལ་རྗེས་2019ལོར་ལུའེ་ཀྲི་ཡུང་གིས་སླར་ཡང་བོད་སྐྱོར་རེ་ཞུ་ཐེངས་གསུམ་པ་ཕུལ།

    སྤུ་ཧྲེང་རྫོང་གི་རྫོང་དཔོན་ཆོས་ཚེ་ཡིས“བོད་སྐྱོར་ལས་བྱེད་པ་ཞིག་ཡིན་པའི་བློ་མཐུན་ལུའེ་ཀྲི་ཡུང་གིས་རང་འགན་གཙང་སྒྲུབ་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་ཡོན་ཞིག་གི་འགན་འཁྲི་ཁུར་བཞིན་ཡོད”ཅེས་བཤད།

    བོད་དུ་ལས་ཀ་བྱེད་པར་དཀོན་ཤོས་ནི་གསོ་རླུང་དང་རྩ་ཆེ་ཤོས་ནི་སྙིང་སྟོབས་རེད། གུང་ཁྲན་ཏང་ཡོན་མི་རབས་ནས་མི་རབས་བར་གྱིས་གངས་ལྗོངས་ས་མཐོར་གཞི་ཚུགས་ཏེ་སྙིང་རུས་ཆེན་པོས་དཀའ་སྤྱད་འབད་འཐབ་བྱས་ཐོག “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ལ་དུས་རབས་ཀྱི་སྙིང་དོན་གསར་པ་ཟམ་མི་ཆད་པར་བསྣན་ཡོད།

    (ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་པའི་གློག་འཕྲིན། གསར་འགོད་པ། ཝང་ཆིན་ཨོའུ་དང་། ཁྲེན་ཧྲང་ཚའེ། ཝང་ཙེ་ཧའོ། ཧོའུ་ཅེ)

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001393665191