བོད་ལྗོངས།
དངུལ་རྩའི་རྒྱབ་སྐྱོར་བཟང་སེ་བཟང་། ཕྱུག་འགྱུར་གདེང་ཚོད་ཆེ་སེ་ཆེ།

    —— བོད་ལྗོངས་ཀྱི་དངུལ་རྩའི་ཁོངས་གཏོགས་ཀྱིས་ནུས་ཤུགས་ཡོད་རྒུས་ཁེ་ལས་བརྟན་པོ་དང་ལས་ཞུགས་འགན་ལེན་བྱས་པ།

    ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། “བརྟན་པོ་དྲུག”གི་ལས་དོན་ཏན་ཏིག་སྒྲུབ་པ། “འགན་ལེན་དྲུག”གི་ལས་དོན་དོན་འཁྱོལ་བཅས་བྱ་ཆེད། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ལྗོངས་ཡོངས་ཀྱི་དངུལ་རྩའི་ཁོངས་གཏོགས་ཀྱི་སྣེ་ཁྲིད་དེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་དངུལ་རྩའི་རྒྱབ་སྐྱོར་སྲིད་ཇུས་བརྒྱུད་ཁྲིད་ཀྱི་ལས་ཕྱོད་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཁེ་ལས་བརྟན་པོ་དང་ལས་ཞུགས་འགན་ལེན་གྱི་ལས་འགན་ལེགས་སྒྲུབ་བྱས་པ་རེད།

    དངུལ་རྩའི་ཐོན་རྫས་གསར་གཏོད་ལ་སྐུལ་འདེད་བཏང་ནས་དངུལ་རྩའི་དགོས་མཁོ་རྒྱུན་མཐུད་བསྐངས་པ།

    ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ལས་འགོ་བསྐྱར་འཛུགས་དངུལ་བུན”གྱི་ཆེད་སྤྱོད་མ་དངུལ་བསྡུ་སྒྲིལ་གྱི་ཐོན་རྫས་ཀྱི་མཉམ་འདྲེས་དངུལ་བུན་སྔ་རྗེས་སུ་བཏོན་ཏེ། ཕྲན་ཚེགས་ཁེ་ལས་275ལ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་མ་དངུལ་སྒོར་དུང་ཕྱུར་10.94བཏང་བ་དང་། “གངས་ལྗོངས་ཀྱི་ཞིང་ཕན་eདངུལ་བུན+ཐོན་རྫས”དང་། “བོད་བྱའི་དངུལ་བུན”“ནས་ཀྱི་དངུལ་བུན” “གཡག་གི་དངུལ་བུན” “དབྱར་རྩྭ་དགུན་འབུའི་དངུལ་བུན” “བོད་ཇའི་དངུལ་བུན” “བོད་སྨན་དངུལ་བུན”སོགས་ཁྱད་ལྡན་ཐོན་རྫས་ཁག་15བཏོན་ནས་རིམ་རྩིས་བྱས་ན་ཞིང་འབྲོག་པར་ཁྱོན་དངུལ་བུན་སྒོར་ཁྲི་7099བཏང་བ་དང་རིམ་རྩིས་བྱས་ན་དངུལ་བུན་ཁག་485བཏང་བ་རེད།

    འཛུགས་སྐྲུན་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་དྲ་ཐོག་ཏུ“ཡུན་དབྱི་དངུལ་བུན”གྱི་རིམས་འགོག་ཆེད་གཏོགས་ཞབས་ཞུ་བསྒྲུབས་ནས་ཁེ་ལས་25ཕྱིར་ཐོན་མ་དགོས་པར་ཁྱོན“ཡུན་དབྱི་དངུལ་བུན”སྒོར་ཁྲི་3401.2བཏང་བ་དང་། རང་ལྗོངས་ཀྱི་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་15ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རྒྱབ་སྐྱོར་བྱས་ཏེ་ཞིང་འབྲོག་པའི་སྣ་མང་ཅན་གྱི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་སྔར་བས་ཡག་པོ་བསྐངས་པ་རེད།

    འདི་ལོ་ཚུན་དུ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ཐོག་མཐའ་བར་གསུམ་དུ་ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་གྱི་ལས་དོན་དེ་གལ་ཆེའི་གནས་བབ་ཐོག་བཞག་ནས་ཞིང་འབྲོག་པ་དང་གྲོང་གསེབ་ཀྱི་ཆེད་ལས་མཉམ་ལས་རྩ་འཛུགས་ལ་དམིགས་ཏེ་དམིགས་སའི་རང་བཞིན་གྱི་བྱེད་ཐབས་སྤྱད་ནས་དངུལ་རྩའི་ཞབས་ཞུའི་གནད་སྨིན་རང་བཞིན་ཆེ་རུ་བཏང་བ་དང་། “ལས་རིགས་གཅིག་ལ་ཐོན་རྫས་གཅིག”རྒྱུན་འཁྱོངས་ཀྱིས་དངུལ་རྩའི་སྒྲིག་གཞིས་ཁྱད་ལྡན་ཐོན་རྫས་ཀྱི་ལེགས་ཆ་འདོན་པའི་རྨང་གཞིའི་ཐོག་དངུལ་རྩའི་ཞབས་ཞུའི་ཐོན་རྫས་གསར་གཏོད་བྱས་ཏེ་ཐབས་ལམ་མང་པོའི་སྒོ་ནས་ཞིང་འབྲོག་ཐོན་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་བསྐངས་པ་རེད།

    དྲིལ་བསྒྲགས་བྱེད་ཐབས་ཕུན་སུམ་ཚོཌ་སུ་བཏང་ནས་སྒྲོག་འགྲེལ་གཏིང་ཟབ་བྱས་པ།

    འདི་ལོ་ཚུན་དུ། ལྗོངས་དངུལ་ཁང་ཚོང་དོན་གྱི་འབྲེལ་མཐུད་ཚོགས་འདུ་དང་ལྷ་ས་གྲོང་ཁྱེར་གྱི་དམངས་གཉེར་ཁེ་ལས་གཏའ་འཇོག་མ་དངུལ་བསྡུ་སྒྲིལ་གྱི་ཆེད་སྤྱོད་བྱ་སྤྱོད་དང་2020ལོའི་ཐེངས་གཉིས་པའི་བསྡུ་དགོས་པའི་རྩིས་ཁྲའི་གཏའ་འཇོག་མ་དངུལ་བསྡུ་སྒྲིལ་གྱི་འོས་སྦྱོར་ཚོགས་འདུ་བཅས་ལ་བརྟེན་ནས་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ཁེ་ལས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རྒྱབ་སྐྱོར་བྱེད་པའི་དངུལ་རྩའི་སྲིད་ཇུས་དང་། དངུལ་རྩའི་ཐོན་རྫས་གསར་གཏོད། ཆེད་དོན་དངུལ་བུན་བསྐྱར་དུ་གཡར་བ་དོན་འཁྱོལ་བྱས་ཚུལ། “6+1”གི་མ་དངུལ་བསྡུ་སྒྲིལ་གྱི་གསལ་ཐོ་བཟོ་བ། རང་སྐྱོང་ལྗོངས་ཀྱི་ཕྲན་ཚེགས་འཛད་སྤྱོད་པའི་མ་དངུལ་བསྡུ་སྒྲིལ་གྱི་ཞབས་ཞུའི་ལས་སྟེགས་འཛུགས་པ་སོགས་ཀྱི་ནང་དོན་ལ་དམིགས་ནས། ངོ་འཕྲད་གདོང་ཐུག་དང་། བརྙན་ཐུང་། LEDའཆར་ཤེལ་སོགས་ཀྱི་དྲིལ་བསྒྲགས་སྤྱད་དེ་ཁེ་ལས་ལ་ཕྱོགས་ཡོངས་ཀྱི་སྲིད་ཇུས་སྒྲོག་འགྲེལ་དང་དྲིལ་བསྒྲགས་ངོ་སྤྲོད་བྱས་པ་མ་ཟད། ཏོག་གསར་གློ་ཚད་ཀྱི་ཤུགས་རྐྱེན་ཕོག་པའི་ཁེ་ལས་དང་མི་སྒེར་གྱིས་ཇི་ལྟར་བྱས་ཏེ་བུན་འཇལ་ནར་འགྱངས་བྱེད་པ་དང་། དམངས་ཚོང་དམངས་ཟོག་ཁེ་ལས་ཀྱིས་དམངས་ཚོང་དམངས་ཟོག་གི་གཟིགས་སྐྱོང་སྐྱེད་ཀའི་དངུལ་བུན་ཇི་ལྟར་རེ་ཞུ་བྱེད་པ་སོགས་གསལ་འགྲེལ་ཞིབ་ཕྲ་བྱས་པ་རེད།

    ཟླ་4པའི་ཟླ་མཇུག་བར་དུ། རང་ལྗོངས་ཀྱི“6+1”ཇི་ལྟར་ཞབས་ཞུའི་འབྲེལ་མཐུད་གསལ་ཐོའི་ནང་ཁེ་ལས་དང་རྣམ་གྲངས་2000ཟིན་ཡོད་པ་དང་། ཁོངས་གཏོགས་ཁུལ་གྱི་དངུལ་ཁང་ལས་ཁུངས་ཀྱིས་ཁེ་ལས་དང་རྣམ་གྲངས་ལ་འབྲེལ་མཐུད་བྱ་རྒྱུར་མཛུབ་ཁྲིད་བྱས་པའི་ཁ་གྲངས་651ཟིན་ནས་གསལ་ཐོའི་ནང་གི་ཁེ་ལས་དང་རྣམ་གྲངས་143ལ་ཁྱོན་དངུལ་བུན་སྒོར་དུང་ཕྱུར་95.25བཏང་བ་རེད།

    གནད་སྨིན་ཤུགས་འདོན་བྱས་ནས་ཞིང་ལས་ཀྱི་ཐོན་སྐྱེད་བརྟན་པོ་དང་མཁོ་སྤྲོད་འགན་ལེན་གྱིས་ཞིང་པའི་འབབ་འཕར་ལ་དམ་འཛིན་བྱས་པ།

    ཞིང་ལས་ཐོན་རྫས་གཙོ་བོ་མཁོ་སྤྲོད་ནུས་ལྡན་ལ་འགན་ལེན་བྱ་རྒྱུ་དེ“ཞིང་གསུམ”ལས་དོན་གྱི་དོན་ཆེན་ཞིག་ཡིན་པ་དང་། 2020ལོར་ཞིང་པའི་ཡོང་འབབ་2010ལོ་ལས་ལྡབ་གཅིག་འཕར་བ་བྱ་རྒྱུ་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་སྒྲུབ་དགོས་ངེས་ཀྱི་ལས་འགན་རེད། འདི་ལོ་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་ཞིང་ལས་ཀྱི་ཐོན་སྐྱེད་བརྟན་པོ་དང་མཁོ་སྤྲོད་འགན་ལེན་དང་ཞིང་པའི་འབབ་འཕར་ལ་དམ་འཛིན་བྱས་ཏེ་ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་གསལ་པོ་བཏོན་པ་རེད།

    རང་ལྗོངས་ཀྱི་དངུལ་རྩའི་སྒྲིག་གཞིས་ཐོག་མཐའ་བར་གསུམ་དུ་ལས་འགན་དེ་ལས་དོན་གཙོ་བོར་བརྩིས་ནས“ཞིང་གསུམ”ཁྱབ་ཁོངས་ལ་མ་དངུལ་གཏོང་ཤུགས་རྒྱུན་མཐུད་ཆེ་རུ་བཏང་སྟེ། ཞིང་འབྲོག་མང་ཚོགས་ལ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་འབྱོར་འབྲིང་ལམ་བུར་སྐྱོད་པར་གདེང་ཚོད་ཡོད་པ་བྱས་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001393720011