བོད་ལྗོངས།
གནའ་བོའི་ས་མཐོ་གོམ་ཞེང་ཆེན་པོས་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད།

    —— བོད་ཀྱི“ཨང་དང་པོས”ཆབ་མདོའི་འཕོ་འགྱུར་ལ་དཔང་པོ་བྱེད།

    1950ལོའི་ཟླ་10ཚེས་19ཉིན་ཆབ་མདོ་བཅིངས་འགྲོལ་བཏང་བ།

    ཆབ་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་བཙུགས་ཤིང་། འདི་ནི་བོད་ཀྱི་དེང་དུས་སློབ་གྲྭ་དང་པོ་དེ་ཡིན།

    1953ལོའི་ཟླ་དང་པོར་ཤིན་ཧྭ་དཔེ་ཚོང་ཁང་ཆབ་མདོ་ཉིང་ལག་ཁང་དངོས་སུ་བཙུགས་པ།

    1951ལོའི་ཟླ་5ཚེས་1ཉིན་ཆབ་མདོའི་སློབ་ཆུང་དངོས་སུ་བཙུགས་པ།

    1952ལོའི་ཟླ་9པར་ཆབ་མདོ་ས་ཁུལ་གྱི་མི་དམངས་སྨན་ཁང་བཙུགས་ཤིང་། དེ་ནི་བོད་ཀྱི་མི་དམངས་སྨན་ཁང་དང་པོ་དེ་ཡིན།

    1951ལོའི་ཟླ་2པར་ཆབ་མདོར་མཁའ་འགྲུལ་ས་ཚིགས་བཙུགས་ཤིང་། དེ་ནི་ཀྲུང་གོ་གསར་པས་བོད་དུ་བཙུགས་པའི་གནམ་གཤིས་ས་ཚིགས་དང་པོ་དེ་ཡིན།

    ཆབ་མདོ་གྲོང་ཁུལ་གྱི་ཆབ་མདོ་ནུབ་ལམ་གྱི་ཁ་ཁུ་སིམ་པའི་སྒོ་ར་ཆེན་པོ་ཞིག་གི་ལྕང་གསེབ་ཁྲོད་ཡོད་པའི་སྡོད་ཁང་རྙིང་པ་སྟར་པ་ཁ་ཤས་གྱང་རྩི་བཞུད་པ་དང་སྒོ་དང་སྒེའུ་ཁུང་རྙིང་པ་ཆགས་པ་དང་། སྡོད་ཁང་སྟར་པ་གཅིག་ལོག་ནས་སོ་ཕག་མ་གཏོགས་ལྷག་མི་འདུག

    ས་ཆ་དེ་ནི་1953ལོར་བཙུགས་པའི་བོད་ཀྱི་ཤིན་ཧྭ་དཔེ་ཚོང་ཁང་དང་པོའི་རྗེས་ཤུལ་ཡིན་ཞིང་། ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་ནང་འཁོད་པར། 1951ལོའི་ཟླ་གསུམ་པར་ཤིན་ཧྭ་དཔེ་ཚོང་ཁང་ལྷོ་ནུབ་སྤྱི་ཁྱབ་ཡན་ལག་ཁང་གིས་ཆན་ཕུའུ་སོགས་བློ་མཐུན་བཞི་འཐེན་ནས་བཙུགས་པའི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དམག་སྡེ་བཅོ་བརྒྱད་པའི་མཉམ་སྐྱོད་དཔེ་དེབ་ཁང་། 1952ལོའི་ཟླ་བཅུ་གཉིས་པར་ཆབ་མདོར་འབྱོར་ནས་བཅའ་སྡོད་བྱས།

    1953ལོའི་ཟླ་དང་པོར་ཤིན་ཧྭ་དཔེ་ཚོང་ཁང་ཆབ་མདོ་ཉིང་ལག་ཁང་དེ་བོགས་གཏོང་ཁང་པ་ཞིག་ནང་དངོས་སུ་བཙུགས་པ་རེད།

    ལོ་67སོང་རྗེས་ཀྱི་ད་ཆ་ཡང་། ཆབ་མདོ་གྲོང་ཁྱེར་གྱི་ཤིན་ཧྭ་དཔེ་ཚོང་ཁང་གི་གནས་རྙིང་མཐོང་རྒྱུ་འདུག དཔེ་ཚོང་ཁང་དེ་ད་ཆ་ཉེ་འགྲམ་གྱི་ཐོག་བརྩེགས་ཅན་གྱི་ཁང་པར་སྤོས་པ་དང་དཔེ་སྒྲོམ་གསར་པའི་ཐོག་དཔེ་དེབ་སྣ་ཚོགས་བསྒྲིགས་འདུག དཔེ་ཚོང་ཁང་གི་འགན་འཁུར་བ་ཚེ་རིང་རྡོ་རྗེས། ད་ཆ་གྲོང་ཁྱེར་ཡོངས་སུ་སྤྱི་ཁྱབ་ཚོང་ཁང་1དང་ཉིང་ལག་ཚོང་ཁང་བཞི་ཡོད་པ་དང་ལོར་དཔེ་དེབ་ཁྲི་4ལྷག་ཙམ་འཚོང་བ་དང་2019ལོར་དཔེ་དེབ་བཙོངས་པའི་དངུལ་སྒོར་ཁྲི་64ཟིན་ལུགས་སྐོར་ངོ་སྤྲོད་བྱས་བྱུང་།

    དེ་འདྲ་བའི“ཨང་དང་པོ”ཆབ་མདོར་ད་དུང་མང་པོ་ཡོད་ཅིང་། “ཨང་དང་པོ”རེ་རེ་མངོན་འགྱུར་བྱུང་ནས་གནའ་བོའི་ས་མཐོ་གོམ་ཞེང་ཆེན་པོས་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་རྒྱུར་སྐུལ་འདེད་བཏང་ཡོད་ལ། དེ་དག་ཚང་མ་ནི་ཆབ་མདོ་བཅིངས་འགྲོལ་བཏང་བ་ལས་བྱུང་བ་ཞིག་རེད།

    1950ལོའི་ཟླ་10ཚེས་19ཉིན་ཆབ་མདོ་བཅིངས་འགྲོལ་བཏང་ནས་བོད་ཞི་བས་བཅིངས་འགྲོལ་གཏོང་ཆེད་རྨང་གཞི་བཏིང་བ་མ་ཟད། བོད་ཀྱི་ལོ་རྒྱུས་ཀྱི་དུས་རབས་གསར་པའང་བཏོད་ཡོད། དམག་སྡེ་བཅོ་བརྒྱད་པ་འབྱོར་བ་དང་ཆབས་ཅིག་ཏང་གི་འགོ་ཁྲིད་འོག་ཆབ་མདོར་དེང་རབས་ཅན་གྱི་སློབ་གྲྭ་དང་། སྨན་ཁང་། ཤིན་ཧྭ་དཔེ་ཚོང་ཁང་། གནམ་གཤིས་ས་ཚིགས། སྦྲག་སྲིད་ཁང་། ཆུ་དཔྱད་ས་ཚིགས། ཀྲུང་གོ་མི་དམངས་དངུལ་ཁང་དོན་གཅོད་ཁྲུའུ། སྐྱེལ་འདྲེན་ཀུང་སི་སོགས་བསྟུད་མར་བཙུགས་ནས་བོད་ཀྱི་དེང་རབས་ལོ་རྒྱུས་ཐོག“ཨང་དང་པོ”མང་པོ་བཏོད་ཡོད།

    ཤིན་ཧྭ་དཔེ་ཚོང་ཁང་དང་བར་ཐག་མི་རིང་བའི་སར་ཡོད་པའི་ཆབ་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་དུ་ཐོག་བརྩེགས་ཅན་གྱི་སློབ་ཁང་མང་པོ་བསྐྲུན་ཡོད་པ་དང་། གློག་ཀླད་ཁང་དང་། བརྒྱུད་ལམ་སྣེ་མང་གི་སློབ་ཁང་། ཟློས་གར་ཁང་། ཚན་རིག་ཚོད་ལྟ་ཁང་། འབྱུང་འགྱུར་སློབ་ཁང་སོགས་བསྐྲུན་ཡོད། འདི་ནི་བོད་ཀྱི་དེང་དུས་སློབ་གྲྭ་དང་པོ་དེ་རེད།

    1951ལོའི་ཟླ་1ཚེས་20ཉིན་དམག་སྡེ་བཅོ་བརྒྱད་པས་མངགས་པའི་དགེ་རྒན་ཆེ་མོ་བ་ལི་ཨན་ཀྲའེ་དང་ཡུ་ཧྲེ་ཡུས་དང་དེ་བཞིན་ས་གནས་འདི་གའི་རྒྱལ་གཅེས་མི་སྣས་མཉམ་དུ་བཙུགས་པའི་ཆབ་མདོ་ཏུང་ཞོལ་སློབ་གྲྭ་དངོས་སུ་སློབ་འགོ་ཚུགས་ཤིང་། ཟླ་5ཚེས་1ཉིན་ཏུང་ཞོལ་སློབ་གྲྭ་རྨང་གཞིར་བྱས་ཏེ་ཆབ་མདོའི་སློབ་ཆུང་དངོས་སུ་བཙུགས་ནས་བོད་ཀྱི་དེང་རབས་སློབ་གསོའི་སྔོན་འགྲོ་བཏོད་ཡོད།

    ཆབ་མདོ་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཆབ་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་ནས་ཐོན་པའི་སློབ་མ་ཐུབ་དགས་ཆབ་མདོའི་ཏུང་ཞོལ་སློབ་གྲྭ་ཐོག་མར་ཡུལ་ལྷའི་ལྷ་ཁང་ཞིག་ཏུ་བཙུགས་པ་དང་འཛིན་གྲྭ་3དང་། དགེ་རྒན་10 སློབ་མ་60བཅས་ལས་མེད་པ་དང་ཉལ་ཁང་ཡང་ཐོག་གཅིག་མའི་སྡོད་ཁང་ཁ་ཤས་ལས་མེད་ཅེས་བརྗོད་བྱུང་།

    “ད་ཆའི་ཚོད་ལྟའི་སློབ་ཆུང་དེ་སྔོན་མ་ཆབ་མདོ་སློབ་ཆུང་ཡིན་པ་དང་སློབ་གྲྭའི་ས་ཆའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་1.5ཡོད་ལ། འཛིན་གྲྭ་37དང་། དགེ་རྒན་དང་ལས་བཟོ་167 སློབ་མ་2129བཅས་ཡོད། སློབ་གྲྭས་རིམ་རྩིས་བྱས་ན་སློབ་མ་14800གསོ་སྐྱོང་བྱས་པ་དང་སློབ་མ་མང་པོ་ཞིག་ལས་རིགས་ཁག་གི་རྐང་འཛིན་པར་གྱུར་ཡོད”ཅེས་ཚོད་ལྟའི་སློབ་ཆུང་གི་སློབ་སྤྱི་ལི་ཏུང་རུའེ་ཡིས་བརྗོད་བྱུང་།

    ཆབ་མདོ་བཅིངས་འགྲོལ་བཏང་རྗེས་ས་གནས་ལ་སྨན་པ་དང་སྨན་དཀོན་པའི་གནས་ཚུལ་ལ་དམིགས་ནས། 1952ལོའི་ཟླ་དགུ་པར་ཆབ་མདོ་ས་ཁུལ་བཅིངས་འགྲོལ་ཨུ་ལྷན་འཕྲོད་བསྟེན་རུ་ཁག་དང་དམག་སྡེ་བཅོ་བརྒྱད་པའི་དོན་གཅོད་ཁྲུའུ་གསུམ་པའི་འཕྲོད་བསྟེན་ཁང་ཟླ་སྒྲིལ་བཏང་ནས་ཆབ་མདོ་ས་ཁུལ་གྱི་མི་དམངས་སྨན་ཁང་བཙུགས་ཤིང་། དེ་ནི་བོད་ཀྱི་མི་དམངས་སྨན་ཁང་དང་པོ་དེ་ཡིན། སྐབས་དེར་སྨན་ཁང་དེར་སྨན་པ་26ལས་མེད་པ་དང་ཉིན་རེའི་སྒོ་བསྟེན་སྨན་བཅོས་མི་གྲངས་ཉི་ཤུ་ལྷག་ཙམ་ལས་ཟིན་གྱི་མེད།

    སྨན་ཁང་བཙུགས་ནས་ལོ་68སོང་རིང་། ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གཞི་ཁྱོན་ཆེན་པོས་བསྐྱར་སྐྲུན་རྒྱས་སྐྲུན་ཐེངས་གསུམ་བྱས་པ་བརྒྱུད་དེང་རབས་ཀྱི་སྒྲིག་ཆས་ཆ་ཚང་བ་དང་། ནད་ཐོག་སྨན་བཅོས་དང་། འཕྲོད་སྦྱོར། ཚན་ཞིབ། སློབ་ཁྲིད། མྱུར་སྐྱོབ་བཅས་གཞི་གཅིག་ཏུ་འདུས་པའི་ཀ་པ་རིམ་པ་གསུམ་པའི་ཕྱོགས་བསྡུས་རང་བཞིན་གྱི་སྨན་ཁང་ལ་གྱུར་ཡོད།

    ད་ཆ་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་ལ་ས་ཁྱོན་མུའུ་86ཡོད་པ་དང་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་9.2ལྷག་ཙམ་ཡོད། སྨན་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲུང་ཁྲུན་གྱིས“སྨན་ཁང་དུ་ད་ཆ་སྨན་དོན་མི་སྣ་དང་ལས་བཟོ་723ཡོད། ཉལ་ཁྲི་640འཆར་འགོད་བྱས་པ་དང་མིག་སྔར་ལོ་རེར་ཆ་སྙོམས་སྒོ་བསྟེན་སྨན་ཁང་ལ་ནད་ལྟ་མཁན་ཁྲི་12ཙམ་ཟིན་པ་དང་སྨན་ཁང་དུ་སྡོད་མཁན་ནད་པ་ཁྲི་1.3ཡོད་པ་མ་ཟད། གཤགས་བཅོས་སྣ་ཚོགས་6100ལྷག་ཙམ་བྱས་ཡོད”ཅེས་བརྗོད་བྱུང་།

    ཆབ་མདོ་བཅིངས་འགྲོལ་བཏང་རྗེས་སྤྱི་ཚོགས་ཀྱི་རིག་གནས་བྱ་གཞག་ཁག་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཞིང་། 1951ལོའི་ཟླ2པར། ལྷོ་ནུབ་དམག་ཁུལ་གྱིས་གནམ་གཤིས་བརྟག་དཔྱད་མི་སྣ་མངགས་ནས་དམག་སྡེ་བཅོ་བརྒྱད་པ་དང་མཉམ་དུ་བོད་དུ་བསྐྱོད་དེ་ཆབ་མདོར་མཁའ་འགྲུལ་ས་ཚིགས་བཙུགས་པ་དང་། རྫ་ཆུ་གཙང་འགྲམ་དུ་གཏན་འཇགས་ལྟ་དཔྱད་ཚད་འཇལ་ས་ཚིགས་བཙུགས་ནས་ཆབ་མདོར་ས་ཁོངས་རང་བཞིན་གྱི་རྒྱུན་མཐུད་གནམ་གཤིས་ལྟ་དཔྱད་ཚད་འཇལ་གྱི་ཐོ་འགོད་བྱེད་འགོ་ཚུགས་ཤིང་། དེ་ནི་ཀྲུང་གོ་གསར་པས་བོད་དུ་བཙུགས་པའི་གནམ་གཤིས་ས་ཚིགས་དང་པོ་དེ་ཡིན།

    ད་ཆ་ཆབ་མདོའི་གནམ་གཤིས་ས་ཚིགས་དེ་གྲོང་ཁུལ་དཀྱིལ་གྱི་རི་སྟེང་དུ་ཡོད་ཅིང་། གཞུང་ལས་ཐོག་བརྩེགས་ཁང་ནང་གློག་རྡུལ་བརྙན་ཤེལ་དང་གློག་ཀླད་སྣ་ཚོགས་ཡོད་པ་དང་ཐོག་ཁར་ལེ་ཏ་བཙུགས་ཡོད་ལ། རྒྱབ་ཀྱི་སྒོ་རའི་ནང་ཆེས་སྔོན་ཐོན་གྱི་ནུས་པ་མང་བ་དང་ཕྱོགས་ཡོངས་ཀྱི་ལྟ་དཔྱད་ཚད་འཇལ་ས་ཚིགས་བཙུགས་ནས་ཉིན་ལྟར་ཆུ་ཚོད་24རིང་ལྟ་ཞིབ་ཚད་ལེན་དང་གནམ་གཤིས་ཀྱི་གྲངས་གཞི་སྣ་ཚོགས་སྔོན་བརྡ་གཏོང་གི་ཡོད།

    ཆབ་མདོ་གྲོང་ཁྱེར་གནམ་གཤིས་ཅུས་ཀྱི་བཟོ་སྐྲུན་པ་རྣམ་རྒྱལ་རྡོ་རྗེས། ད་ཆ་ཆབ་མདོ་གྲོང་ཁྱེར་དུ་གནམ་གཤིས་ལྟ་དཔྱད་ཚད་འཇལ་ས་ཚིགས་167བསྐྲུན་ནས་གནམ་གཤིས་ཀྱི་གནོད་འཚེ་ལྟ་ཞིབ་ཚོད་འཛིན་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ཁྲོད་ནུས་པ་གལ་ཆེན་བཏོན་བཞིན་ཡོད་ཅེས་བརྗོད་བྱུང་།

    ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་། “ཨང་དང་པོ”རེ་རེ་བཞིན་བོད་ཤར་རྒྱུད་ཀྱི་ས་གཞི་ཆེ་མོར་རྒྱུན་ཆད་མེད་པར་ཐོན་པ་དང་འཕེལ་རྒྱས་བྱུང་ནས། གངས་ལྗོངས་ས་མཐོའི་འཕོ་འགྱུར་ཆེན་པོར་དཔང་པོ་བྱས་ཡོད་ལ། དུས་རབས་ཡར་རྒྱས་ཀྱི་བསྡུས་རིས་སུ་ཡང་གྱུར་ཡོད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001394366181