བོད་ལྗོངས།
བྲག་གཡབ་རྫོང་གིས་སྨན་བཅོས་ཞབས་ཞུའི་ནུས་པ་མུ་མཐུད་ཆེ་རུ་བཏང་བ།

    མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་དྲ་བ་བརྟན་པོ་བསྐྲུན་པ།

    “དམངས་ཡོངས་བདེ་ཐང་མེད་ཚེ་ཕྱོགས་ཡོངས་འབྱོར་འབྲིང་ཡོང་ཐབས་བྲལ”ད་ཕན་ལོ་ཤས་རིང་། བྲག་གཡབ་རྫོང་གིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་བདེ་ཐང་འགན་ལེན་བྱ་རྒྱུ་དེ་དམངས་འཚོའི་འདུ་འགོད་གལ་ཆེན་དུ་བརྩིས་ནས་བདེ་ཐང་དབུལ་སྐྱོར་ལ་དམ་པོར་འཛིན་ཏེ་མང་ཚོགས་ཀྱི་ནད་གཞི་ལྟ་དཀའ་བ་དང་ནད་གཞི་ལྟ་མ་ཐུབ་པ་སོགས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཡོད།

    2019ལོའི་ལོ་མཇུག་ཏུ་བློ་བཟང་ཆོས་སྐྱིད་ཀྱི་གཅུང་པོ་རྒྱུ་ལྷག་ན་ནས་བྲག་གཡབ་རྫོང་མི་དམངས་སྨན་ཁང་དུ་ནད་སྡོད་བྱས། ནང་མི་ཚང་མས་སྨན་རིན་གྲབས་གསོག་བྱ་རྒྱུའི་ཐད་སེམས་ཁྲལ་བྱེད་སྐབས། སྨན་ཁང་གིས་བསྟན་འཛིན་གྱི་བཟའ་ཟླ་སྐལ་བཟང་སྒྲོལ་མར“སེམས་ཁྲལ་མ་བྱེད། ང་ཚོས་སྔོན་ལ་སྨན་བཅོས་བྱས་ནས་དེ་རྗེས་སྨན་རིན་རྩིས་བརྒྱབ་ན་འགྲིག་གི་རེད”ཅེས་བཤད།

    སྐལ་བཟང་སྒྲོལ་མའི་སེམས་ནང་གི་རྡོག་ཁྲེས་ལྕི་པོ་དེ་གཞི་ནས་བབས་པ་དང་ཆ་རྐྱེན་དེ་ཙམ་ཡག་པོ་མེད་པའི་ཁྱིམ་ཚང་དེའི་ཁུར་པོ་ཡང་དུ་ཕྱིན་ཡོད། “སྔོན་ལ་སྨན་བཅོས་བྱེད་པ་དང་དེ་རྗེས་སྨན་རིན་རྩིས་རྒྱག་པ”དེས་མང་ཚོགས་རྣམས་ནད་གཞི་ལྟ་ཐུབ་པ་བྱུང་ནས“མགྱོགས་ལམ”དུ་བསྐྱོད་ཡོད།

    བདེ་ཐང་དབུལ་སྐྱོར་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་ནང་དོན་གལ་ཆེན་ཞིག་ཡིན། ད་ཕན་ལོ་ཤས་རིང་བྲག་གཡབ་རྫོང་གིས་མི་འབོར་དབུལ་པོ་100%གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་ཆེན་འགན་བཅོལ།

    སྨན་བཅོས་རོགས་སྐྱོབ་སོགས་ཀྱི་སྲིད་ཇུས་འགན་ལེན་གྱི་ཁྱབ་ཁོངས་ནང་བཅུག་ནས། མི་འབོར་དབུལ་པོ་ཞིང་འབྲོག་ཁུལ་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་རྒྱུ་དོན་འཁྱོལ་བྱས་ཏེ་མི་འབོར་དབུལ་པོ་རྫོང་ཁོངས་སུ་སྨན་བཅོས་བྱེད་སྐབས“སྔོན་ལ་སྨན་བཅོས་དང་རྗེས་སུ་སྨན་རིན་རྩིས་རྒྱག་པ”དང“གཅིག་འཐུས་རྣམ་པའི་ཞབས་ཞུ་དང་། སྐར་ཁུང་གཅིག་ནས་གཉེར་བ། ཁེར་རྐྱང་རྣམ་པའི་དུས་རྩིས”བཅས་མངོན་འགྱུར་བྱུང་ཡོད།

    “ལོ་ན་རྒས་པས་སྨན་ཁང་དུ་ནད་ལྟ་བར་འགྲོ་སྐབས་སེམས་ཁྲལ་ཆེན་པོ་འདུག ཡིན་ནའང་ད་ཆ་ཁ་པར་ཞིག་བརྒྱབ་ཚེ་ཁྱིམ་ཚང་སྨན་པ་ཁྱིམ་དུ་ནད་གཞི་ལྟ་བར་ཡོང་གི་འདུག”ཅེས་ཁྲག་ཤེད་མཐོ་བའི་ནད་ཕོག་ནས་ལོ་བཅུ་ལྷག་སོང་བའི་ལོ་དྲུག་ཅུ་ལ་སླེབས་པའི་བགྲེས་སོང་ཚེ་གཡུང་དོན་གྲུབ་ཀྱིས་ཁྱིམ་ཚང་སྨན་པ་དང་གན་རྒྱ་བཞག་རྗེས་ནད་གཞི་ལྟ་དཀའ་བའི་སེམས་ཁྲལ་བསལ་བྱུང་ཞེས་བཤད།

    ད་ཕན་ལོ་ཤས་རིང་། བྲག་གཡབ་རྫོང་གིས《ཆབ་མདོ་གྲོང་ཁྱེར་གྱི་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུའི་ལག་དེབ》གཞིར་བཟུང་། གཅོང་ནད་ཁྱིམ་ཚང་སྨན་པ་གན་འཇོག་ཞབས་ཞུའི་དོ་དམ་རྣམ་གྲངས་ལག་ལེན་བསྟར་ཡོད། མིག་སྔར་རྫོང་དེ་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུའི་གན་རྒྱ་འཇོག་དགོས་རིགས་ཚང་མ་འཇོག་པ་དང་སུ་དང་གན་རྒྱ་བཞག་ཚེ་དེར་ཞབས་འདེགས་ཞུས་ནས་ཁྲག་ཤེད་མཐོ་བ་དང་། གཅིན་སྙི་ཟགས་ཁུ། འདྲིལ་གཅོང་ནད། སེམས་ཐང་ཐང་མེད་པ་སོགས་གཅོང་ནད་ཕོག་པའི་ནད་པར་ཞབས་འདེགས་ཞུ་རྒྱུར་གཙོ་གནད་ཐོག་ཤུགས་སྣོན་བརྒྱབ་ཡོད།

    ཁྱིམ་ཚང་སྨན་ཁང་གི་གན་འཇོག་ལས་དོན་སྔར་བས་ཡག་པོ་སྒྲུབ་ཆེད། བྲག་གཡབ་རྫོང་གིས་ཁྱིམ་ཚང་སྨན་པའི་ཞབས་ཞུའི་ཚོགས་པ་13བཙུགས་ནས་རྫོང་མི་དམངས་སྨན་ཁང་གི་སྨན་པ་གཅིག་ལག་རྩལ་མཛུབ་ཁྲིད་པར་བྱེད་པ་དང་། ཤང(གྲོང་རྡལ)འཕྲོད་བསྟེན་ཁང་གི་སྨན་པ་གན་འཇོག་ཚོགས་པའི་མི་སྣ་གཙོ་བོ་བྱས་ནས་ཤང(གྲོང་རྡལ)ཚང་མའི་གན་འཇོག་ཞབས་ཞུའི་ལས་དོན་གྱི་འགན་འཁུར་བ། གྲོང་ཚོའི་སྨན་པ་གཉིས་གཞོགས་འདེགས་མི་སྣར་བྱས་ནས་དུས་ཚིགས་ཚང་མར་གན་འཇོག་ཞབས་ཞུ་ཐེངས་གཅིག་བྱེད་པའི་ལས་ཀའི་བླང་བྱ་གཞིར་བཟུང་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཡོད། མིག་སྔའི་བར་བྲག་གཡབ་རྫོང་གིས་རིམ་རྩིས་བྱས་ན་མི་ཐེངས་43637གྱིས་ཁྱིམ་ཚང་སྨན་པ་དང་གན་རྒྱ་བཞག་པ་དང་། ཡིག་ཚགས་དང་གཱ་བཟོས་པ་དང་དེ་བཞིན་གཙོ་གནད་མི་ཚོགས་ཀྱི་གན་འཇོག་ཞབས་ཞུ་ཁྱབ་ཚད་100%ཟིན་ཡོད།

    དེ་དང་ཆབས་ཅིག བྲག་གཡབ་རྫོང་གིས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་ཆེད། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་སྨན་ཁང་ཁག་གིས་མི་རྒྱུ་དངོས་གསུམ་སོགས་ནས་བྲག་གཡབ་རྫོང་མི་དམངས་སྨན་ཁང་ལ་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་བྱས་པ་དེས་བྲག་གཡབ་རྫོང་མི་དམངས་སྨན་ཁང་གིས་རིམ་མཚུངས་སྨན་ཁང་འཛུགས་གཏོད་ལས་དོན་ཁྲོད་ནུས་པ་གལ་ཆེན་བཏོན་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001394390051