བོད་ལྗོངས།
ས་མཐོའི་མང་ཚོགས་ཀྱི་བདེ་ཐང་འགན་སྲུང་དྲ་བ་དམ་དུ་བཏང་བ།

    —— “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།

    དམངས་ཡོངས་ཀྱི་བདེ་ཐང་མེད་ན་ཕྱོགས་ཡོངས་ནས་འབྱོར་འབྲིང་ཟེར་བ་གླེང་ཐབས་བྲལ། “ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་། རང་ལྗོངས་ཀྱིས་ཕྱོགས་ཡོངས་ནས་བདེ་ཐང་བོད་ལྗོངས་སྐྲུན་པའི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད་པ་དང་། འཕྲོད་བསྟེན་བདེ་ཐང་བྱ་གཞག་གི་གནས་བབ་རང་བཞིན་གྱི་འགྱུར་ལྡོག་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་བས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོའི་འཕྲོད་བསྟེན་བདེ་ཐང་གི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

    “ཟླ་10ཚེས་1ཉིན་ནས་བཟུང་། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་ནད་བསྟེན་ནད་ཐོ་ཚེ་གང་ཉར་བའི་ལས་སྒོ་དངོས་སུ་གཉེར་འགོ་ཚུགས་ཡོད། ཁྱེད་ཀྱིས་ཐོབ་ཐང་ལག་ཁྱེར་སྤྱད་དེ་སྨན་པ་བསྟེན་ན། སྨན་བཅོས་བྱས་པའི་གནས་ཚུལ་ཚང་མ་སྨན་ཁང་ནང་ཟིན་ཐོ་བཀོད་ཡོད་པས་དུས་གང་རུང་དུ་འདྲི་རྩད་བྱེད་ཆོག དེས་ཁྱེད་སྨན་བཅོས་བྱེད་སྐབས་དེ་བས་སྟབས་བདེ་དང་བདེ་འཇགས་ཡོང་ཐུབ”ཅེས་ཉེ་ཆར་གསར་འགོད་པས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་དམངས་ཕན་ཞབས་ཞུའི་ལས་སྟེགས་ནས་བརྡ་ཐོ་འདི་འདྲ་ཞིག་མཐོང་བྱུང་།

    “སྨན་ཁང་དུ་ནད་ཐོ་ཡོད་པས་ང་ཚོ་ནད་གཞི་བསྟེན་པར་སྟབས་བདེ་རུ་ཕྱིན་འདུག ལོ་རྒས་དྲན་ཤེས་ཉམས་ནས་སྨན་པ་བསྟེན་སྐབས་ནད་གཞི་དང་སྨན་གང་ཞིག་ཟས་ཡོད་མེད་སྐད་ཆ་འདྲི་སྐབས་རྟག་ཏུ་དྲན་གྱི་མི་འདུག”ཅེས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་དབུགས་ལམ་ཁོག་ནད་ཚན་ཁག་ཏུ་སྨན་བཅོས་བྱེད་བཞིན་པའི་ཉི་མ་དོན་གྲུབ་ཀྱིས་བཤད། ཉི་མ་དོན་གྲུབ་ལ་གློ་ཡུའི་གཉན་ཚད་ཕོག་ཡོད་པ་དང་། ལོ་ལྟར་སྟོན་ཀ་དང་དགུན་ཁའི་དུས་ཚིགས་ཤར་རིམ་བཞིན་ནད་གཞི་ཇེ་སྡུག་ཏུ་འགྲོ་གི་ཡོད། ནད་པས་སྨན་ཁང་དུ་ནད་བསྟེན་པའི་ནད་ཐོ་ཚེ་གང་ཉར་བའི་ལས་སྒོས་སྨན་པས་ཁོང་གི་ནད་གཞིའི་འགྱུར་ལྡོག་ཁོང་དུ་ཡང་དག་ཆུད་རྒྱུར་རོགས་རམ་བྱེད་ཐུབ། གསར་འགོད་པར་ཤེས་རྟོགས་བྱུང་བར། མིག་སྔར་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་དམངས་ཕན་ཞབས་ཞུའི་ལས་སྟེགས་སུ་དྲ་ཐོག་ནས་བློ་འདྲི་བྱེད་པ་དང་། ཨང་ཀི་བཀག་ནས་སྨན་རིན་སྤྲོད་པ། ཉིང་སྐྱུར་རང་བཤེར་བྱེད་པ། སྨན་ཁང་དུ་ཞག་སྡོད་འགྲོ་ལུགས་གཉེར་བ། ཞིབ་བཤེར་སྙན་ཞུ་འདྲི་རྩད་བྱེད་པ་སོགས་དམངས་ཕན་ཞབས་ཞུ་མང་པོ་གཉེར་གྱི་ཡོད་པས་མང་ཚོགས་ཚོ་ནད་གཞི་ལྟ་བ་དང་སྨན་ཁང་བསྟེན་རྒྱུར་ཧ་ཅང་སྟབས་བདེ་བསྐྲུན་ཡོད།

    རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་འགྱུར་ལྡོག་ནི་རང་ལྗོངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་བསྡུས་རིས་ཤིག་རེད། “ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་རང་ལྗོངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་གོང་འཕེལ་ལ་མ་དངུལ་གཏོང་ཤུགས་ལོ་རེ་བཞིན་མང་དུ་བཏང་བ་སྟེ། རང་སྐྱོང་ལྗོངས་སྨན་ཁང་དང་། གཙོ་གནད་སྨན་ཁང་། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག ཆ་འཕྲིན་ཅན་འཛུགས་སྐྲུན་སོགས་རིགས་ཆེ་གྲས་ལྔ་ཡི་ཡན་ལག་རྣམ་གྲངས་431གི་འཛུགས་སྐྲུན་རྣམ་གྲངས་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ཡོད། ལྗོངས་ཡོངས་སུ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་1642དང་། ནད་ཁྲི་17073 འཕྲོད་བསྟེན་ལག་རྩལ་པ་26150བཅས་ཟིན་པ་དེ་དག“ལོ་ལྔ་ཚན་བཅུ་གསུམ་པའི”དུས་འགོ་ལས་12.24%དང་། 21.83% 48.18%བཅས་སོ་སོར་འཕར་ཡོད། ལྗོངས་ཡོངས་ཀྱི་ཀ་པ་རིམ་གསུམ་སྨན་ཁང་དང་། ཁ་པ་རིམ་གསུམ་སྨན་ཁང་། རིམ་པ་གཉིས་པའི་སྨན་ཁང་བཅས་སྨན་ཁང་11དང་། སྨན་ཁང་3 སྨན་ཁང་39བཅས་བར་སོ་སོར་མང་དུ་ཕྱིན་པ་དང་། འཕྲོད་བསྟེན་བདེ་ཐང་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ཡོད། ལྗོངས་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཚན་རྩལ་དང་ཤེས་ལྡན་པའི་འདེགས་སྐྱོར་ནུས་པ་རྒྱུན་ཆད་མེད་པར་མངོན་གསལ་དོད་དུ་ཕྱིན་པ་དང་། རིམ་པ་ཁག་དང་རིགས་ཁག་གི་ཚན་ཞིབ་རྣམ་གྲངས་127ཐོ་འགོད་བྱས་པར་རྣམ་གྲངས་མ་དངུལ་སྒོར་ཁྲི་2300ལྷག་ཙམ་བཏང་ཡོད། འཕྲོད་བསྟེན་བདེ་ཐང་ཆ་འཕྲིན་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་གྲོང་ཁྱེར་དང་ས་ཁུལ་7དང་། རྫོང་དང་ཆུས་74 ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་692བཅས་ཀྱི་དམངས་ཡོངས་ཀྱི་བདེ་ཐང་ཆ་འཕྲིན་དྲ་རྒྱ་བསྐྲུན་ནས་ས་ཁུལ་དང་གྲོང་ཁྱེར་ཡན་གྱི་སྨན་ཁང་17(སྨན་རྩིས་ཁང་ཚུད་པ)ལ་དྲ་ཐོག་ནས་སྔོན་མངགས་དང་ཨང་ཀི་བཀག་པ་མངོན་འགྱུར་བྱུང་བ་མ་ཟད། དྲ་ཐོག་གཏོང་སྤྲོད་དང་བདེ་ཐང་སློབ་གསོ་སོགས་ཀྱི་ནུས་པ་རགས་ཙམ་ཆགས་ཡོད། 20%ཡན་གྱི་སྨན་ཁང་ལ་རིག་ལྡན་སྨན་བཅོས་ཞབས་ཞུ་ཁྱབ་གདལ་བྱུང་ནས་ནད་པས་སྨན་པ་བསྟེན་པའི་མྱོང་ཚོར་དང་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།

    རང་ལྗོངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་ཕྱིན་པ་དེ་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་དང་ཁ་འབྲལ་ཐབས་མེད། སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་བྱེད་སྒོ་སྤེལ་ཚུན། བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་གྱིས་སྨན་བཅོས་ཚོགས་པ་720གསོ་སྦྱོང་དང་ཁྲིད་རོགས་བྱས་པ་དང་། ས་གནས་དེ་གའི་སྨན་དོན་མི་སྣ་དང་གསར་ཞུགས་སྨན་པ་1400ཁ་གཏད་རོགས་སྐྱོར་སྨན་ཁང་དུ་གནས་སྦྱར་གསོ་སྦྱོང་དང་ཟབ་སྦྱོང་བྱེད་པར་འདེམས་མངགས་བྱས་ཡོད།

    “དེ་སྔ་ལམ་ཐག་རིང་བས་སྨན་ཁང་དུ་འགྲོ་བར་སྟབས་བདེ་པོ་མེད། དེའི་ཁར་སྨན་བཅོས་ཀྱི་ཤེས་བྱ་དམན་པས་ཐུམ་འབུའི་ནད་སོགས་ཕོག་སྐབས་སྡུག་རུས་ཁོ་ན་བྱེད་པ་དང་། འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་སྐབས་གཞི་ནས་སྨན་ཁང་དུ་འགྲོ་གི་ཡོད། ད་ཆ་སྒོ་འགྲམ་དུ་གྲལ་བཤེར་ཐུབ་པ་དང་རིགས་གཅིག་མཁས་ཅན་གྱིས་ད་དུང་སྨན་བཅོས་ཀྱི་ཇུས་གཞི་མཁོ་འདོན་བྱེད་ཀྱི་ཡོད་པས་ཧ་ཅང་ཡག་པོ་འདུག”ཅེས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་བེན་མཐའ་ཤང་ཆུ་གྲོང་གྲོང་ཚོའི་གྲོང་མི་ཚེ་རིང་བཀྲ་ཤིས་ཀྱིས་བཤད།

    ཐུམ་འབུའི་ནད་ནི་རང་ལྗོངས་སུ་ཐོན་མང་བའི་གཞན་བརྟེན་སྲིན་འབུའི་ནད་ཚབས་ཆེ་ཤོས་ཀྱི་གྲས་ཤིག་རེད། ལོ་གསུམ་རིང་། རང་ལྗོངས་སུ་མི་ཁྲི་290ལྷག་ཙམ་ལ་ཐུམ་འབུའི་ནད་གྲལ་བཤེར་ཁྱོན་ཡོངས་ནས་བྱེད་པའི་ལས་འགན་ལེགས་གྲུབ་བྱུང་བ་དང་། ཐུམ་འབུའི་ནད་གཤགས་བཅོས་བྱེད་སའི་གནས་གཏན་འཁེལ་གྱི་སྨན་ཁང་13གཏན་འཁེལ་བྱས་པ་དང་། རིམ་རྩིས་བྱས་ན་གཤགས་བཅོས་ཐེངས་5000ལྷག་ཙམ་བྱས་པས། ནད་པར“སྨན་བཅོས་བྱེད་དགོས་རིགས་ཚང་མ་སྨན་བཅོས་ཐུབ་པ་དང་། དོ་དམ་བྱེད་དགོས་རིགས་ལ་ལྟ་རྟོག་ཐུབ་པ། རོགས་སྐྱོར་བྱེད་དགོས་རིགས་ལ་རོགས་རམ་ཐུབ་པ”བཅས་བྱུང་ཡོད། ཐུམ་འབུའི་ནད་ཀྱི་ཕན་འབྲས་དཔྱད་དཔོག་བྱས་འབྲས་ལ་གཞིགས་ན། ལྗོངས་ཡོངས་ཀྱི་མི་ཚོགས་ལ་ནད་ཕོག་ཚད་2016ལོའི་1.66%ནས་0.26%བར་ཆག་པ་དང་། ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཐད་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་ཐུམ་འབུའི་ནད་གཏན་ནས་མི་ཐོན་པའི་སྲིད་གཞུང་གི་བརྗིད་ཆེའི་ཁས་ལེན་མངོན་འགྱུར་བྱུང་ཡོད།

    ཐུམ་འབུའི་ནད་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་དང་ཆབས་ཅིག རང་ལྗོངས་ཀྱིས་བདེ་ཐང་དབུལ་སྐྱོར་ལས་དོན་ལ་དམ་འཛིན་ལྷོད་མེད་བྱས་ཡོད། 2016ལོ་ནས་བཟུང་། རང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཁྲི་6.33ལ་བདེ་ཐང་དབུལ་སྐྱོར་དང་གནད་སྨིན་སྐྱོབ་བཅོས་བྱས་ཡོད། 2019ལོའི་ལོ་མཇུག་བར། ལྗོངས་ཡོངས་ཀྱི་ནད་གཞི་ཚབས་ཆེན་ཕོག་མཁན་4745ལ་སྨན་བཅོས་བྱས་པ་དང་། གཅོང་ནད་ཕོག་མཁན་19879ལ་གན་འཇོག་ཞབས་ཞུ་བྱས་པ། ནད་གཞི་ལྕི་པོ་ཕོག་མཁན་1193ལ་ཐ་སྐྱོང་འགན་ལེན་བྱས་ཡོད། མིག་སྔར་ལྗོངས་ཡོངས་སུ“ནད་གཞིས་རྐྱེན་པས་དབུལ་པོར་གྱུར་པ་དང་ནད་གཞིས་རྐྱེན་པས་དབུལ་པོ་རང་ལོག”གི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་གཅིག་ཀྱང་ལྷག་མེད།

    ཏོག་གསར་རིམས་ནད་ཐོན་པ་ནས་བཟུང་རང་ལྗོངས་ཀྱིས་ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབས་པས་ལྗོངས་ཡོངས་ཀྱི་སྨན་དོན་པར་ནད་གཞི་གཅིག་ཀྱང་མ་འགོས་པའི་ལས་ཀའི་དམིགས་ཚད་མངོན་འགྱུར་བྱུང་བ་དང་། རྒྱལ་ཡོངས་སུ་ནད་དཔེ་ཉུང་ཤོས་དང་ནད་དཔེ་གཅིག་ཀྱང་མི་ལྷག་པའི་ཞིང་ལྗོངས་ཨང་དང་པོར་གྱུར་ཡོད། མིག་སྔའི་བར། རང་ལྗོངས་སུ་རིམ་རྩིས་བྱས་ན་ཏོག་གསར་རིམས་ནད་ཀྱི་གཏན་འཁེལ་ནད་དཔེ་1ཐོན་པ་དང་། དེ་ནི་ཞིང་ཆེན་གཞན་ནས་ཡོང་བའི་ནད་དཔེ་ཡིན། ནད་དཔེ་དེ་2020ལོའི་ཟླ་2ཚེས་12ཉིན་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཐོན་ཡོད། རིམ་རྩིས་བྱས་ན། ནད་དཔེ་མི་ཐེངས་ཁྲི་160ལྷག་ཙམ་ལ་གྲལ་བཤེར་བྱས་པ་དང་མི་ཐེངས་ཁྲི་1.9ལ་རིམས་ནད་རིག་པའི་བརྟག་དཔྱད་བྱས་ཡོད། མིག་སྔར་རང་ལྗོངས་ཀྱིས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱས་ནས་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་དང་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་བཞིན་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་ལྗོངས་ཀྱིས་དུས་རབས་གསར་པའི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་གྱི་མཛད་ཕྱོགས་མཐའ་འཁྱོངས་བྱས་ཏེ་མི་དམངས་ཀྱི་བདེ་ཐང་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནས་བབ་ཐོག་འཇོག་རྒྱུ་དང་། བདེ་ཐང་ལ་སྐུལ་འདེད་གཏོང་བ་དང་། བྱེད་ཐབས་སྒྱུར་བ། གཞི་རིམ་ལ་ཤུགས་སྣོན། འགན་སྲུང་ལ་མཐོང་ཆེན་བཅས་བྱ་རྒྱུ་ཤུགས་རྒྱག་སར་བྱས་ཏེ། སྔོན་འགོག་གཙོ་བོར་འཛིན་པ་དང་བདེ་ཐང་ལ་སྐུལ་འདེད་གཏོང་བར་སྔར་བས་མཐོང་ཆེན་བྱེད་པ་དང་། ལས་ཀའི་གཙོ་གནད་གཤམ་སྒྱུར་དང་ཐོན་ཁུངས་གཤམ་སྒྱུར་ལ་སྔར་བས་དོ་སྣང་བྱས་ཏེ་ཞན་ཆ་སེལ་བ་དང་། སྤུས་ཚད་ལེགས་སུ་གཏོང་བ། བྱེད་ཐབས་སྒྱུར་བ་བཅས་ལ་བརྟེན་ནས་བདེ་ཐང་བོད་ལྗོངས་བསྐྲུན་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་མི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་རྒྱུ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001394611901