བོད་ལྗོངས།
རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་པས་རང་ལྗོངས་སུ་སྙན་ཞུ་གནང་བ།

    རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཚེས་21ཉིན། རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་བྱས་རྗེས་སྐོར་སྐྱོད་སྙན་ཞུའི་ཚོགས་འདུ་ལྷ་སར་འཚོགས་ཤིང་། སྙན་ཞུའི་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་གཞུང་ལས་ཁང་ཏང་ཙུའི་ཁོངས་མི་ཀྲུའུ་རེན་གཞོན་པ་ཞ་ཀེང་ཧྲེང་གིས་ཤིས་ཚིག་གསུངས་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དབང་ཧའེ་ཀྲོའུ་དང་འཇམ་དཔལ་ཚོགས་འདུར་ཕེབས་ཡོད་པ་རེད།

    ཆེ་དགྲ་ལྷས་ནན་བཤད་གནང་དོན། ད་ཐེངས་སྙན་ཞུ་ཚོགས་པས་ཆེད་མངགས་བོད་དུ་རྩ་ཆེའི་ཉམས་མྱོང་བརྒྱུད་སྤེལ་བྱེད་པར་ཡོང་བས་ང་ཚོར་སེམས་འགུལ་ཚད་མེད་ཐེབས་བྱུང་ལ་སྐུལ་མ་ཡང་ཆེན་པོ་ཐེབས་བྱུང་། ང་ཚོས་ངེས་པར་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་དཔེ་མཚོན་དང་ལག་ལེན་གྱི་ཉམས་མྱོང་སློབ་སྦྱོང་ནན་ཏན་བྱས་ཏེ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུ་དང་ཟུང་འབྲེལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་རྒྱུ་དང་ཟུང་འབྲེལ་གྱིས། བསམ་པའི་སྒུལ་ཤུགས་དེ་ལག་ལེན་དངོས་སུ་ཏན་ཏིག་འགྱུར་བར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ། ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བ་བཅས་བྱས་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་འཐབ་ས་དང་པོར་རྩ་བ་ཚུགས་པ་དང་གཡུར་ཟའི་གྲུབ་འབྲས་ཐོབ་པར་བྱེད་དགོས། “དོན་ཆེན་བཞི”ལ་དམིགས་ཏེ། “འགྲན་སློབ་སྙེག་བརྒལ”གྱི་བྱེད་སྒོ་ཤུགས་ཆེན་སྤེལ་ནས་ཐོན་ལས་དབུལ་སྐྱོར་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། ལས་ཞུགས་དབུལ་སྐྱོར་ལ་མུ་མཐུད་ཤུགས་སྣོན་རྒྱག་པ། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ལས་དོན་ལ་མུ་མཐུད་ཤུགས་སྣོན་རྒྱག་པ། དབུལ་པོ་རང་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་རོགས་སྐྱོར་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ། གྲོང་གསེབ་དར་རྒྱས་དང“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་སྒྲིག་བཟོ་དང་འབྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། དབུལ་སྒྲོལ་མང་ཚོགས་དབུལ་པོ་རང་ལོག་མི་ཡོང་བའི་འགན་ལེན་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་ལ་གྲུབ་འབྲས་ཐོབ་པ་དང་མཇུག་བསྡུའི་དམག་འཐབ་ལ་རྒྱལ་ཁ་ཐོབ་པའི་འགན་ལེན་གྱིས། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཧུར་ཐག་སྐྲུན་དགོས།

    ཞ་ཀེང་ཧྲེང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་མཇུག་བསྡུའི་ལས་འགན་ལེགས་སྒྲུབ་མཐའ་གཅིག་ཏུ་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་དབུལ་པོ་རང་ལོག་སྔོན་འགོག་བྱེད་པ། དཔེ་མཚོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ། དབུལ་སྐྱོར་ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པ་སོགས་ཀྱི་ཐད་བླང་བྱ་བཏོན་གནང་ཞིང་། ཁོང་གིས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་འོག བོད་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བཀའ་ལྟར་དམག་འཐབ་དང་འགག་སྒྲོལ་དཀའ་སེལ་བྱས་པར་བརྟེན། བོད་ཀྱི་རྫོང་དང་ཆུས་74ཡི་དབུལ་ཞྭ་ཕུད་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8དབུལ་སྒྲོལ་ཐུབ་ནས་ལོ་བཞི་བསྟུད་མར་ཀྲུང་དབྱང་གིས“ཕྱོགས་བསྡུས་གདེང་འཇོག་བཟང་བར”གཏན་འཁེལ་བྱས་པ་དང་གྲུབ་འབྲས་དེ་དག་ནི་དངོས་གནས་ལས་སླ་པོར་ཐོབ་པ་ཞིག་མིན། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“དུས་རབས་གསར་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་སྙིང་སྟོབས”མུ་མཐུད་དར་སྤེལ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་དུས་བཀག་ལྟར་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱེད་པ་བཅས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། ཏང་ཀྲུང་དབྱང་། རྒྱལ་ཡོངས་མི་དམངས་བཅས་ལ་བློ་ཡིད་ཚིམ་པའི་བོད་ཀྱི་རྒྱུགས་ལན་ཞིག་འབུལ་དགོས་ཞེས་གསུངས་པ་རེད།

    སྙན་ཞུའི་ཚོགས་འདུའི་ཐོག རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གསར་གཏོད་བྱ་དགའ་ཐོབ་མཁན་ཚོས་སྔ་རྗེས་སུ་སྡིངས་ཆའི་ཐོག་བསྐྱོད་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་དང་པོར་འབད་འཐབ་བྱས་པའི་ཉམས་མྱོང་དང་གསོག་འཇོག་བྱས་པའི་བྱེད་ཐབས་གསོན་ཉམས་དོད་པོས་བརྗོད་པ་རེད། སྙན་ཞུའི་ཚོགས་འདུ་ཚོགས་ཡུལ་དུ་ཧ་ཅང་འཁྲུག་ཆ་དོད་ལ་ཐལ་མོའི་རྡེབ་སྒྲ་ཡང་རྒྱུན་ཆད་མེད་པར་གྲགས། ཚོགས་ཞུགས་བློ་མཐུན་ཚོས། སྔོན་ཐོན་ལ་མིག་ལྟོས་བྱས་ཏེ། སྔོན་ཐོན་དང་བསྡུར་བའི་ཁྲོད་མུ་མཐུད་འབད་འཐབ་བྱེད་པ་དང་སྔོན་ཐོན་བརྩོན་ལེན་བྱེད་པའི་ཁྲོད་ལས་སྒྲུབ་ལས་གཏོད་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་བསྣན་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001394674401