བོད་ལྗོངས།
ཤ་མོག་ལས་འཚོ་བའི་བྲོ་ཞིམ་ཚོར།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཚའོ་ཕུང་ཡོན་དང་ཅིན་དབྱི་ཆིང་།

    ཧྲང་ཝང་ལི་ནི་ཀྲེ་ཅང་ཞིང་ཆེན་ཧྲེང་ཀྲོའུ་གྲོང་ཁྱེར་ནས་ཡིན་པ་དང་། ད་ཆ་ཁོང་དང་བཟའ་ཟླས་ལྷ་སར་ཟ་ཁང་གཉེར་ནས་ལོ་གཉིས་སོང་། བོད་ཟས་དང་ཁྲོན་ཚལ་ཟ་མཁན་མང་བའི་ལྷ་སར་ཆ་མཚོན་ན། ཀྲེ་ཅང་གི་ཟ་མ་ཟ་མཁན་ཉུང་ནའང་ཁོང་གཉིས་ལ་ཚོང་ལས་ཀྱི་གོ་སྐབས་རྙེད་ཡོད།

    “ཕ་ཡུལ་དུ་ཤ་མོག་ནི་མི་རྣམས་ཀྱི་རྣམ་ཀུན་ཞོགས་ཟས་ཡིན་ལ། ང་ཚོའི་ཟ་ཁང་འདི་ལྟ་བུ་ཧ་ལམ་སྔ་དྲོའི་ཆུ་ཚོད་11པར་སྒོ་རྒྱག་གི་ཡོད། འོན་ཀྱང་འདི་གར་ཤ་མོག་ཉིན་རེའི་ལྟོ་དུས་གསུམ་པོར་ཟ་མཁན་ཡོད་པས་དགོང་མོའི་ཆུ་ཚོད་10པའི་བར་ཚོང་གཉེར་བྱེད་ཀྱི་ཡོད་པ་དང་། ཁེ་བཟང་ཡང་མང་པོ་རག་གི་འདུག”ཅེས་ཧྲང་ཝང་ལི་ཡིས་བཤད།

    འགྲོ་སོང་ཆུང་དུ་གཏོང་ཆེད་ཧྲང་ཝང་ལི་ཡིས་ལས་མི་གླས་མེད། ཚོང་ཟོག་ཉོ་སྒྲུབ་དང་། སྔོ་ཚལ་བཀྲུ་བ། གཡོས་སྦྱོར། དངུལ་བསྡུ་བ། ཟ་ཁང་གི་ཞབས་ཞུ་བཅས་ཚང་མ་བཟའ་ཚོ་གཉིས་ཀྱིས་སྒྲུབ་གང་ཐུབ་བྱེད་ཀྱི་ཡོད། “སྐབས་རེ་ཐང་ཆད་དུས་ངེད་གཉིས་ཀྱིས་ལས་ཀ་རེས་མོས་སུ་བྱེད་ཀྱི་ཡོད། གང་ལྟར་ལས་གཏོད་བྱེད་ཀྱི་ཡོད་པས་དཀའ་སྡུག་ཆེ་ཡང་བཟོད་ཐུབ”ཅེས་ཁོང་གིས་བཤད།

    ཟ་མའི་བྲོ་བ་ཞིམ་ལ་གོང་ཁེ་བ་དང་སྐུད་མེད་དྲ་བ་ཡོད་པ་མ་ཟད། བཟའ་ཚོ་གཉིས་ཀྱིས་གཉེར་སྐྱོང་ཡག་པོ་བྱས་པས་ཟ་ཁང་ཆུང་ངུ་གཙང་ལ་སྣང་བ་སྐྱིད་པོ་ཞིག་ཡོད། ཧྲང་ཝང་ལི་ཡིས“ཟ་ཁང་བཙུགས་མ་ཐག་པའི་སྐབས་ཡོང་མཁན་གཙོ་བོ་ནི་ཕ་ཡུལ་གཅིག་པ་ཡིན་ནའང་རིམ་གྱིས་ས་ཆ་འདི་གའི་མི་ཡང་ཇེ་མང་དུ་ཕྱིན་སོང”ཞེས་བཤད། ཉེ་འཁོར་གྱི་ཡུལ་མི་དང་། སློབ་མ། ལས་མི་དག་ལ་མཚོན་ན། ཟ་ཁང་དེ་ནི་ཁོང་ཚོ་རྟག་པར་ཡོང་སའི་རང་ཁྱིམ་ལྟ་བུར་གྱུར་ཡོད།

    ཐག་རིང་ས་མཐོའི་ཡུལ་དུ་ཕ་ཡུལ་གྱི་ཤ་མོག་ཚོང་གཉེར་བྱེད་པའི་ཧྲང་ཝང་ལི་ཁྱིམ་ལ་ཡོང་འབབ་མང་པོ་བྱུང་ཡོད། “ད་ཆ་ཟླ་རེར་སྒོར་ཁྲི་གཉིས་གསུམ་གྱི་ཁེ་བཟང་ཡོད་པས། ཚོང་ཧ་ཅང་ཡག་པོ་འདུག ཕུགས་འདུན་ཆེན་པོ་ཟེར་བ་གླེང་ཐབས་མེད་ཀྱང་ང་ཚོའི་དམིགས་ཚད་ཆུང་བ་ནི་ཡོང་འབབ་མང་ཙམ་བསགས་ནས་རྒས་དུས་ཀྱི་འཚོ་རྟེན་དང་བུ་ཕྲུག་ལ་ཁྱིམ་གཞིས་འཛུགས་རོགས་བྱ་རྒྱུ་དེ་ཡིན”ཞེས་བཤད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001395214581