བོད་ལྗོངས།
རླངས་འཁོར་ཤར་གཏོང་ཐུབ། དམངས་ལ་སྟབས་བདེ་བྱུང་།

    “གཞུང་ལམ་ཤར་གཏོང་མ་ཐུབ་གོང་ང་ཚོའི་གྲོང་ཚོའི་ཕྲུ་གུ་ཉིང་ཁྲིར་སློབ་གྲྭ་ལ་འགྲོ་སྐབས་ཁྱིམ་བདག་ཚོས་རྡོག་ཁྲེས་ལྕི་པོ་ཁུར་ནས་ཕྲུ་གུ་དང་མཉམ་དུ་སྤོ་བོ་རྫོང་དུ་ཉིན་ཤས་རྐང་ཐང་མར་རི་ཀླུང་མང་པོ་བརྒྱབ་ན་གཞི་ནས་རླངས་འཁོར་ལ་སྡོད་ཐུབ། གྲོང་ཚོའི་མིར་ནད་གཞི་ལྕི་པོ་ཕོག་སྐབས་ཐག་ཉེ་ཤོས་ཀྱི་རྫོང་སྨན་ཁང་དུ་སྐྱོད་པར་ཡང་ནད་པ་འགྱོགས་བྱམས་སུ་བཞག་ནས་མི་8ནས་10ཡིས་རེས་མོས་སུ་བཀྱགས་ནས་ཉིན་གཅིག་བསྐྱོད་ན་གཞི་ནས་སྨན་ཁང་དུ་སླེབས་ཀྱི་ཡོད། གྲོང་མིས་རྫོང་གྲོང་ངམ་ཉིང་ཁྲིར་དོན་དག་ཛ་དྲག་པོ་སྒྲུབ་པར་འགྲོ་དགོས་ན‘ལག་ཁྱེར་མེད་པའི་རླངས་འཁོར’དུ་སྡོད་པ་ལས་ཐབས་གཞན་མེད་ལ། འགྲོ་འོང་བྱེད་ཐེངས་གཅིག་ལ་རླངས་འཁོར་སྤ་སེའི་རིན་པར་སྒོར་སུམ་བརྒྱ་བཞི་བརྒྱ་དང་ཐ་ན་སྒོར་བདུན་བརྒྱ་བརྒྱད་བརྒྱ་ལྷག་ཙམ་སྤྲོད་དགོས་ཀྱི་ཡོད་ཀྱང་། ད་དུང་བདེ་འཇགས་ཀྱི་འགན་ལེན་མ་ཐུབ”ཅེས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་མེ་རི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཉི་མས་དེ་སྔ་ཕྱི་འགྲོ་དཀའ་བའི་འདས་དོན་རེ་རེ་བཞིན་ཕྱིར་དྲན་བྱས།

    མེ་རི་གྲོང་ཚོའི་གྲོང་མི་མི་རབས་ནས་མི་རབས་བར་རི་མཐོའི་རོང་ཁུལ་དང་ཚ་ཁུལ་གནམ་གཤིས་ལ་བརྟེན་ནས་ཡུལ་ལྗོངས་ལྟ་ན་སྡུག་པའི་ས་སྐྱིད་པོ་འདིར་འཚོ་སྡོད་བྱེད་ཀྱི་ཡོད་ཀྱང་། མེ་རི་གྲོང་ཚོའི་མི་སེར་གྱི་ངོས་ནས་བརྗོད་ན། དེ་སྔ་འདི་ག་ནི་གཞན་དང་འབྲེལ་ཐག་ཆད་པ་དང་ཕྱི་འགྲོ་དཀའ་བའི་ས་ཆ་ཞིག་རེད།

    མེ་རི་གྲོང་ཚོ་ནི་ཡར་ཀླུང་གཙང་པོའི་རོང་ཆེན་ཁུལ་དུ་ཆགས་ཤིང་། མེ་ཏོག་རྫོང་གི་བྱང་རྒྱུད་ཀྱི་མོན་པ་རིགས་ཀྱིས་གཙོས་པའི་སྒྲིག་ཚུད་གྲོང་ཚོ་ཞིག་ཡིན་པ་དང་། དེ་གའི་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཡོད། 2018ལོ་ནས་བཟུང་། མེ་ཏོག་རྫོང་དུ་གཞུང་ལམ་དང་འགྲུལ་སྐྱེལ་དུས་གཏན་རླངས་འཁོར་སྔ་རྗེས་སུ་ཤར་གཏོང་ཐུབ་པ་དང་སྦྲགས། མེ་རི་གྲོང་ཚོར་ཡང་ལམ་དང་རླངས་འཁོར་ཤར་གཏོང་ཐུབ་ཡོད། མེ་ཏོག་རྫོང་གྲོང་དང་བར་ཐག་སྤྱི་ལེ་25ཡོད་ཅིང་། དུད་ཚང་39ལས་མེད་པའི་རི་གྲོང་ཆུང་ངུ་དེར་གཞུང་ལམ་དང་་འགྲུལ་སྐྱེལ་རླངས་འཁོར་གཉིས་ཀ་ཤར་གཏོང་ཐུབ་པ་དེ་ནི་མེ་ཏོག་རྫོང་ཡོངས་སུ“ཤར་གཏོང་གཉིས”མངོན་འགྱུར་བྱུང་བའི་མཚོན་ཚུལ་དངོས་ཤིག་རེད།

    2013ལོའི་ཟླ་10ཚེས་31ཉིན། ཁྲབ་རྨོག་ནས་མེ་ཏོག་གྲོང་རྡལ་བར་གྱི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པ་ལས“རྒྱལ་ཡོངས་ཀྱི་གཞུང་ལམ་ཤར་གཏོང་མི་ཐུབ་པའི་རྫོང་འབའ་ཞིག”མེ་ཏོག་རྫོང་གི་གཞུང་ལམ་ཤར་གཏོང་མི་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ་བ་མཚོན་པ་དང་། དེ་དུས་མེ་རི་གྲོང་ཚོར་ཡང་གཞུང་ལམ་ཤར་གཏོང་ཐུབ་ཡོད། སྤོ་བོ་རྫོང་ནས་མེ་ཏོག་རྫོང་བར་གྱི་གཞུང་ལམ་བཅོས་སྒྲིག་དང་སྒྱུར་བཀོད་ལས་གྲྭ་ལེགས་གྲུབ་ཟིན་ཉེར་ཡོད་པ་དང་བསྟུན་ནས་མེ་རི་གྲོང་ཚོ་ནས་རྫོང་གྲོང་བར་གྱི་གཞུང་ལམ་ལ་ཨར་འདམ་ལམ་བཏིང་ཚར་གྲབས་ཡོད་པ་མཚོན་གྱི་ཡོད།

    2018ལོའི་ལོ་མཇུག་ཏུ། མེ་ཏོག་རྫོང་དུ་གཞུང་འཁོར་སྤྱི་གཉེར་གྱི་འགྲུལ་སྐྱེལ་ཀུང་སི་བཙུགས་པ་རེད། 2019ལོའི་ཟླ་12ཚེས་27ཉིན། མེ་ཏོག་རྫོང་གིས་རྫོང་དབར་གྱི་འགྲུལ་སྐྱེལ་དུས་གཏན་རླངས་འཁོར་གྱི་ལམ་ཐིག་གཅིག་དང་གྲོང་གསེབ་ཀྱི་འགྲུལ་སྐྱེལ་དུས་གཏན་ལམ་ཐིག་གཉིས་ཤར་གཏོང་བྱས་པས། “འགྲུལ་སྐྱེལ་རླངས་འཁོར་མེད་པའི”ལོ་རྒྱུས་མཇུག་འགྲིལ་བ་རེད།

    འདི་ལོ་མེ་རི་གྲོང་ཚོར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ་དང་མེ་ཏོག་རྫོང་དུ་གྲོང་གསེབ་ཀྱི་འགྲུལ་སྐྱེལ་ལམ་ཐིག་ཅིག་མང་དུ་ཕྱིན་ཡོད། གཞུང་ལམ་དང་རླངས་འཁོར་གཉིས་ཀ་ཤར་གཏོང་ཐུབ་པས་མེ་རི་གྲོང་ཚོའི་མི་སེར་ཚོ“བདེ་སྐྱིད་ལྡན་པའི་ལམ”དུ་སྐྱོད་བཞིན་ཡོད།

    མིག་སྔའི་བར། མེ་ཏོག་རྫོང་གི་ཤང་དང་གྲོང་རྡལ་ལྔའི་སྒྲིག་ཚུད་གྲོང་ཚོ་13གྱི་ཞིང་འབྲོག་མང་ཚོགས་4700ལྷག་ཙམ་སྒོ་འགྲམ་ནས་འགྲུལ་སྐྱེལ་རླངས་འཁོར་ལ་བསྡད་ཆོག སྲིད་གཞུང་གི་ནོར་སྲིད་ཁ་གསབ་ཀྱི་ཐ་སྐྱོང་ཡོད་པས། འགྲུལ་སྐྱེལ་རླངས་འཁོར་གྱི་འཁོར་སྐྱོད་སྲུང་སྐྱོང་དང་ལས་མིའི་གླ་ཆ་འགན་ལེན་ཡོད་པའི་ཁར་རླངས་འཁོར་གྱི་སྤ་སེའི་རིན་གོང་གཏན་འཁེལ་ཡང་དམའ་པོ་བྱས་པས། རྫོང་ཡོངས་ཀྱི་གྲོང་གསེབ་ཀྱི་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་དང་ཡུན་རིང་འཁྱོལ་ཐུབ་པའི་འགན་ལེན་བྱས་ཡོད།

    ད་ཆ་མེ་རི་གྲོང་ཚོའི་ཕྲུ་གུ་ཚོ་སློབ་གྲྭར་སྐྱོད་སྐབས་ཁྱིམ་བདག་མཉམ་དུ་འགྲོ་དགོས་མེད།

    གྲོང་གསེབ་ཀྱི་འགྲུལ་སྐྱེལ་དུས་གཏན་རླངས་འཁོར་དེ་ད་དུང་མི་རི་གྲོང་ཚོའི་གྲོང་མིའི་འབབ་འཕར་གྱི“སྟབས་བདེའི་རླངས་འཁོར”ཞིག་ཏུ་གྱུར་ཡོད། གྲོང་མི་མང་པོ་ཞིག་གིས་རྟག་ཏུ་རང་ཁྱིམ་གྱིས་བཏབ་པའི་ཤིང་འབྲས་དང་། སྔོ་ཚལ། དེ་བཞིན་རི་ནས་བཀོག་པའི་ཤ་མོ་སོགས་ཁྱད་ལྡན་ཐོན་རྫས་རྫོང་གྲོང་དུ་བཙོངས་རྗེས་ཁྱིམ་དུ་ལོག་སྐབས་རྒྱུན་གཏན་གྱི་མཁོ་ཆས་ཉོ་གི་ཡོད། གྲོང་མདོའི་ཚོང་ཁང་ནས་ད་དུང་འགྲུལ་སྐྱེལ་དུས་གཏན་རླངས་འཁོར་སྤྱད་དེ་ཡུལ་མི་ཚོའི་དངོས་ཟོག་ཙག་ཙིག་སྐྱེལ་རོགས་བྱེད་པའི་ལས་སྒོ་གཉེར་གྱི་རེད།

    “ཤར་གཏོང་གཉིས”མངོན་འགྱུར་བྱུང་བ་དང་ཆབས་ཅིག མེ་རི་གྲོང་ཚོའི་མི་སེར་ཚོའི་སེམས་ཀྱི་འདུན་པ་ཡང་ཆེ་རུ་ཕྱིན་ཡོད། “མིག་སྔར། གྲོང་ཚོར་ཡར་ཀླུང་གཙང་པོའི་རོང་ཆེན་གྱི་ཡུལ་ལྗོངས་མཛེས་ཤོས་ཀྱི་ཡུལ་སྐོར་རྣམ་གྲངས་ཤིག་སྐྲུན་བཞིན་ཡོད་པ་དང་འབྲེལ། རྫོང་གི་རིག་རྩལ་ལས་དོན་པ་གྲོང་མིར་མོན་པ་རིགས་ཀྱི་གླུ་གར་གསོ་སྦྱོང་བྱེད་པར་གདན་དྲངས་པ་མ་ཟད། དེ་ཁྱད་ལྡན་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་མིང་བྱང་ཞིག་ཏུ་བརྩི་གི་ཡོད། སྤྱང་གྲུང་འཛོམས་པའི་གྲོང་མི་ཁག་གཅིག་གིས་ད་དུང་ཁྱིམ་ཚང་མགྲོན་ཁང་དང་། ཚོང་ཁང་། ཟ་ཁང་སོགས་བཙུགས་ཡོད”ཅེས་ཉི་མས་བཤད། ན་ནིང་མེ་རི་གྲོང་ཚོའི་ལོ་རེའི་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་ཁྲི་1.4ཟིན་པ་དང་། འགྲུལ་པ་དང་དངོས་ཟོག་དབོར་འདྲེན་བྱེད་མཁན་གྱི་གྲོང་མི་མི་རེའི་ལོ་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་ཁྲི་5ལྷག་ཙམ་ཟིན་གྱི་ཡོད་པ་རེད།

    “འགྲིམ་འགྲུལ་ལས་དོན་པ་མི་རབས་ཁ་ཤས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། ཡར་ཀླུང་གཙང་པོའི་འགྲམ་གྱི་མེ་ཏོག་རྫོང་དུ་གཞུང་ལམ་དང་འགྲུལ་སྐྱེལ་རླངས་འཁོར་གཉིས་ཀ་ཤར་གཏོང་ཐུབ་ནས‘ས་མཐོའི་ཁེར་ཆགས་གླིང་ཕྲན’ཟེར་བ་ལོ་རྒྱུས་སུ་གྱུར་ཡོད། མེ་རི་གྲོང་ཚོ་དང‘ཡུལ་པདྨ་བཀོད’ཀྱི་མི་རིཌ་ཁག་གི་མི་སེར་ཚོས་ཡངས་ཤིང་རྒྱ་ཆེ་བའི་གཞུང་ལམ་དུ་སྟབས་བདེ་ལ་མྱུར་བའི་འགྲུལ་སྐྱེལ་རླངས་འཁོར་ལ་བསྡད་དེ་དེང་རབས་ཀྱི་འཚོ་བའི་ཕྱོཌ་སུ་གོམ་ཞེང་ཆེན་པོས་སྐྱོད་བཞིན་ཡོད”ཅེས་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001395241711