བོད་ལྗོངས།
བོད་དུ་རིམ་པ་ལྔའི་གནམ་གཤིས་གནོད་འཚེ་སྔོན་འགོག་གི་རྩ་འཛུགས་མ་ལག་བཙུགས་པ།

    ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། གཞི་རིམ་གྱི་ས་ཁུལ་དབུལ་པོའི་གེགས་འགོག་གེགས་སེལ་གྱི་ནུས་པ་ཆེ་རུ་ནུས་ལྡན་བཏང་ནས་གནོད་འཚེས་རྐྱེན་པས་དབུལ་པོར་གྱུར་པ་དང་གནོད་འཚེས་རྐྱེན་པས་དབུལ་པོ་བསྐྱར་ལོག་གི་སྣང་ཚུལ་མི་ཐོན་པ་དང་ཉུང་དུ་གཏོང་གང་ཐུབ་བྱ་ཆེད། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་གནམ་གཤིས་སྡེ་ཚན་གྱིས་ཤང་དང་གྲོང་རྡལ་དབུལ་པོའི་གནམ་གཤིས་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་ཞབས་འདེགས་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཤང་དང་གྲོང་རྡལ་དབུལ་པོའི་གནམ་གཤིས་གནོད་འཚེའི་སྔོན་བརྡའི་ལག་ཐོགས་ཁ་པར་གྱི་འཕྲིན་ཐུང་དྲ་བ་ཡོངས་བསྒྲགས་བྱེད་པའི་ལམ་སྲོལ་དང་རླུང་འཕྲིན་དང་བརྙན་འཕྲིན་ཤར་གཏོང་གི་ཐབས་ལམ་བསྐྲུན་པས། ཤང(གྲོང་རྡལ)རིམ་པའི་གནམ་གཤིས་གནོད་འཚེའི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡའི་ཆ་འཕྲིན་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱུང་ཡོད།

    2019ལོའི་ལོ་མཇུག་ཏུ་ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་དབུལ་པོ་685ཚང་མར་རང་འགུལ་གནམ་གཤིས་ས་ཚིགས་བསྐྲུན་པ་དང་དེ་སྔའི་འཆར་གཞི་ལས་ལོ་གཅིག་སྔ་སྣུར་དུ་ཤང་དང་གྲོང་རྡལ་དབུལ་པོར་གནམ་གཤིས་ལྟ་ཞིབ་ཚད་ལེན་ས་ཚིགས་ཡོངས་སུ་ཁྱབ་པར་བྱེད་པའི་དམིགས་ཚད་མངོན་འགྱུར་བྱུང་ཞིང་། ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་དུ་རང་འགུལ་གནམ་གཤིས་ས་ཚིགས་ཁྱབ་ཚད་2018ལོའི་28.47%ནས་2019ལོའི་ལོ་མཇུག་གི་100%བར་གྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་སྟེ་གེགས་འགོག་གེགས་སེལ་གེགས་སྐྱོབ་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྲུན་ཐད་ཀྱི་ས་ཁུལ་དབུལ་པོའི་གནམ་གཤིས་འགན་ལེན་ཞབས་ཞུའི་དགོས་མཁོ་གཞི་རྩའི་ཆ་ནས་བསྐངས་ཡོད།

    དེ་དང་ཆབས་ཅིག་གནམ་གཤིས་སྡེ་ཚན་གྱིས་དབུལ་སྐྱོར་བསམ་ཕྱོགས་གསར་གཏོད་བྱས་ཤིང་། “གནམ་གཤིས་དང་སྤྱི་པའི་ལས་གནས་ཟུང་འབྲེལ”གྱི་བྱེད་ཐབས་བརྒྱུད་ཐབས་ལམ་མང་པོར་བརྟེན་ནས་མ་དངུལ་གྲབས་གསོག་བྱས་ཏེ་ཤང་དང་གྲོང་རྡལ་585ཡི་རང་འགུལ་གནམ་གཤིས་ས་ཚིགས་རེར་དོ་དམ་སྲུང་སྐྱོང་གི་དབུལ་སྐྱོར་ལས་གནས་1བཙུགས་ནས་དམིགས་བསལ་གཏན་འཁེལ་བྱས་པའི་མང་ཚོགས་དབུལ་པོར་འབབ་འཕར་གྱི་ཐབས་ལམ་རྒྱ་ཆེར་གཏོང་རོགས་བྱས་ཡོད་ལ་དབུལ་སྒྲོལ་ཕྱུག་འགྱུར་ལའང་ནུས་པ་གལ་ཆེན་བཏོན་ཡོད། དེ་དང་ཆབས་ཅིག་རང་འགུལ་གནམ་གཤིས་ས་ཚིགས་ཀྱི་དོ་དམ་སྲུང་སྐྱོང་བྱེད་པའི་སྤྱི་པའི་ལས་གནས་ཀྱི་ཕན་འབྲས་ཆེ་རུ་བཏང་ནས་སྤྱི་པའི་ལས་གནས་ཀྱི་དབུལ་སྐྱོར་གྱི་ཁ་གསབ་རོགས་དངུལ“ཐེངས་གཅིག་ལས་མི་སྤྲོད་པ”དང“སྒྱིད་ལུགས་ཅན་གསོ་བ”སོགས་ཀྱི་སྣང་ཚུལ་ཐོན་རྒྱུ་སྔོན་འགོག་བྱ་ཆེད། རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས་དབུལ་སྐྱོར་གཞུང་ལས་ཁང་དང་མཉམ་འབྲེལ་ཐོག《བོད་རང་སྐྱོང་ལྗོངས་ཀྱི་རང་འགུལ་གནམ་གཤིས་ས་ཚིགས་ཀྱི་དོ་དམ་སྲུང་སྐྱོང་ལས་གནས་ཀྱི་དོ་དམ་བྱ་ཐབས》བཟོས་ཏེ་ལས་གནས་ཀྱི་འགན་འཁྲི་ཚད་ལྡན་དུ་བཏང་བ་དང“མ་མཐའི་གླ་ཕོགས+ལས་རྗེས”ཀྱི་བྱེད་ཐབས་སྤྱད་དེ་གླ་ཕོགས་ཐད་དོ་དམ་བྱས་པས་དུད་ཚང་དབུལ་པོའི་ལས་སྒྲུབ་ལས་གཏོད་ཀྱི་ཧུར་སེམས་དང་རང་འགུལ་ཆེས་ཆེར་འཕེལ་ཡོད།

    ལོ་མང་རིང་གནམ་གཤིས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་དུ་གཏོང་བའི་ནུས་པ་ཞན་པ་ནི་རང་ལྗོངས་ཀྱི་གཞི་རིམ་གྱི་ས་ཁུལ་དབུལ་པོས་ཚན་རིག་དང་མཐུན་པའི་སྒོ་ནས་གནམ་གཤིས་ཀྱི་གནོད་འཚེ་འགོག་ཟོན་བྱེད་པར་ཤུགས་རྐྱེན་བཟོ་བའི་མངོན་གསལ་དོད་པའི་ཞན་ཆ་ཞིག་རེད། 2016ལོ་ནས་བཟུང་། གནམ་གཤིས་སྡེ་ཚན་གྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་7929.5བཏང་ནས་ལྗོངས་ཡོངས་ཀྱི་གཞི་རིམ་གྱི་གནམ་གཤིས་ཀྱི་གེགས་འགོག་གེགས་སེལ་ནུས་པ་དང་ལམ་སྲོལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ་ས་ཁུལ་དབུལ་པོའི་གནམ་གཤིས་ཀྱི་གེགས་འགོག་གེགས་སེལ་གྱི་འགོག་སྲུང་འཛིང་རགས་དང་པོ་ཟམ་མི་ཆད་པར་བརྟན་དུ་བཏང་ཡོད། མིག་སྔར་རང་སྐྱོང་ལྗོངས་དང་། གྲོང་ཁྱེར(ས་ཁུལ)7 རྫོང་74བཅས་ཚང་མར་གནམ་གཤིས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་དུ་གཏོང་བའི་བཀོད་འདོམས་པུའུ་བཙུགས་པ་དང་། ཁོངས་གཏོགས་ཀྱི་ཤང་དང་གྲོང་རྡལ་དུ་གནམ་གཤིས་ཀྱི་གནོད་འཚེ་སྔོན་འགོག་འགོ་ཁྲིད་ཚོགས་ཆུང་བཙུགས་པ། སྲིད་འཛིན་གྲོང་ཚོར་གནམ་གཤིས་ཆ་འཕྲིན་པའི་དཔུང་ཁག་བཙུགས་པ། ལྗོངས་དང་། ས་ཁུལ། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་ལྔ་ཡི་གནམ་གཤིས་ཀྱི་གནོད་འཚེ་སྔོན་འགོག་གི་རྩ་འཛུགས་མ་ལག་བཙུགས་པ་བཅས་ལས་ཕྱོགས་བཞི་མཚམས་བརྒྱད་ལ་ཁྱབ་པའི་གཞི་རིམ་གྱི་གནམ་གཤིས་གནོད་འཚེའི་འཕྲལ་སྡོམ་སྔོན་ཇུས་མ་ལག་གྲུབ་ཡོད་པ་རེད།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001395524411