བོད་ལྗོངས།
མངའ་རིས་དང་བོད་དབུས་གློག་དྲ་དྲ་སྦྲེལ་ལས་གྲྭ་སྤྱོད་འགོ་ཚུགས་ནས་བོད་ལྗོངས་གློག་དྲ་གཅིག་གྱུར་སྤྱོད་པའི་དུས་རབས་སུ་སླེབས་པ།

    འདི་ནི་ཟླ་10ཚེས་4ཉིན་གཞིས་རྩེ་གྲོང་ཁྱེར་དིང་རིང་རྫོང་ནས་པར་བླངས་པའི་མངའ་རིས་དང་བོད་དབུས་གློག་དྲ་དྲ་སྦྲེལ་ལས་གྲྭའི་གློག་གཏོང་ལྕགས་སྒྲོམ་ཡིན་པ།

    ཚེས་4ཉིན་མངའ་རིས་དང་བོད་དབུས་གློག་དྲ་དྲ་སྦྲེལ་ལས་གྲྭ་སྤྱོད་འགོ་ཚུགས་པ་ལས། རྒྱལ་ཡོངས་ཀྱི་སྐམ་སའི་ས་ཁུལ་གྱི་ས་ཁུལ་རིམ་པའི་སྲིད་འཛིན་ས་ཁོངས་མཐའ་མར་རྒྱལ་ཁབ་ཀྱི་གློག་དྲ་ཆེན་པོ་སྦྲེལ་ནས་ལས་གྲྭའི་རྒྱུད་ཀྱི་རྫོང་16གི་ཞིང་འབྲོག་པ་ཁྲི་38ལ་བདེ་འཇགས་ལྡན་ལ་བློས་འགེལ་ཆོག་པའི་གློག་སྤྱོད་ཐུབ་ནས་བོད་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་7དང་། རྫོང་དང་ཆུས་74ལ་གློག་དྲ་གཙོ་བོ་ཁེབས་པའི་གློག་དྲ་གཅིག་གྱུར་སྤྱོད་པའི་དུས་རབས་སུ་སླེབས་པ་མཚོན་ཡོད།

    མངའ་རིས་དང་བོད་དབུས་གློག་དྲ་དྲ་སྦྲེལ་ལས་གྲྭ་ནི་མཚོ་བོད་དང་། ཁྲོན་བོད། བོད་དབུས་བཅས་ཀྱི་གློག་ཤུགས་གློག་དྲ་སྦྲེལ་བའི་ལས་གྲྭའི་རྗེས་སུ། བོད་ལ་རྒྱལ་ཁབ་ཀྱི་གློག་དྲ་འཛུགས་པའི“གློག་ཤུགས་མཁའ་ལམ”བཞི་པ་དེ་ཡིན་ལ། ད་བར་འཛམ་གླིང་དུ་ས་བབ་མཐོ་ཤོས་དང་། ལམ་ཐག་རིང་ཤོས། འགྲན་སློང་གི་དཀའ་ངལ་ཆེ་ཤོས་བཅས་ཀྱི་ཆན་ཧྥུའུ་500ཟིན་པའི་གློག་སྒྱུར་ལས་གྲྭ་ཞིག་ཀྱང་རེད། ལས་གྲྭ་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་74བཏང་ནས་2019ལོའི་ཟླ་དགུ་པར་ལས་འགོ་བཙུགས་ཤིང་། དེའི་འགོ་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་རྡོར་གླིང་གློག་སྒྱུར་ས་ཚིགས་ནས་བརྩམས་ཤིང་། མཇུག་མངའ་རིས་ས་ཁུལ་སྒར་རྫོང་གློག་སྒྱུར་ས་ཚིགས་བར་ཡིན་པ་དང་། བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་2དང་། རྫོང་དང་ཆུས་10བརྒལ་ཡོད་པས། དེར་ཆན་ཧྥུའུ་500དང་220ཟིན་པའི་གློག་སྒྱུར་ས་ཚིགས་6བསྐྲུན་ནས་གློག་སྐུད་རིང་ཚད་སྤྱི་ལེ་1689ཟིན་ཡོད།

    མངའ་རིས་དང་བོད་དབུས་གློག་དྲ་སྦྲེལ་བའི་ལས་གྲྭ་སྤྱོད་འགོ་ཚུགས་རྗེས། མངའ་རིས་ཀྱི་གློག་དྲ་ཁེར་རྐྱང་དུ་སྤྱོད་པའི་ལོ་རྒྱུས་ཡོངས་སུ་མཇུག་འགྲིལ་ནས་མངའ་རིས་ས་ཁུལ་དང་གཞིས་རྩེ་གྲོང་ཁྱེར་གྱི་ནུབ་རྒྱུད་ས་ཁུལ་དབར་གློག་གཏོང་ནུས་དང་འགན་ལེན་ཐུབ་ནུས་སྔར་བས་ཆེ་རུ་ཕྱིན་ཏེ། བོད་ཀྱི་ནུས་རྒྱུ་གཙང་མ་གསར་སྤེལ་ཕྱིར་གཏོང་དང་ལྷོ་ཨེ་ཤེ་ཡའི་སྒོ་མོ་དབྱེ་བར་ཕྱོགས་པའི་གློག་ཤུགས་མཁོ་སྤྲོད་ཀྱི་བགྲོད་ལམ་ཆེན་པོ་ཞིག་ཆགས་རྒྱུར་སྐུལ་མ་ཐེབས་ནས། དུས་རབས་གསར་པར་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། མཐའ་སྟོབས་མཐའ་བརྟན་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001395696901