བོད་ལྗོངས།
ལོ་ལྔའི་རིང་མ་དངུལ་སྒོར་དུང་ཕྱུར་350ཙམ་དོན་འཁྱོལ་བྱས་ཏེ་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

    

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། པུའུ་ཨུད་ཁག་དང་། ཞིང་ཆེན་དང་གྲོང་ཁྱེར་ཁག་གི་བོད་སྐྱོར་བཀོད་འདོམས་པུས་བསྡོམས་རྩིས་བྱས་པའི་གྲངས་གཞིར་གཞིགས་ན། 2016ལོ་ནས་བཟུང་། ཁ་གཏད་རོགས་སྐྱོར་པུའུ་ཨུད་ཁག་དང་། ཞིང་ཆེན་དང་གྲོང་ཁྱེར་ཁག ཁེ་ལས་ཁག་བཅས་ཀྱིས་ཁྱོན་བསྡོམས་བོད་སྐྱོར་རྣམ་གྲངས་247ལ་འཛུགས་སྐྲུན་གྱི་གན་རྒྱ་བཞག་པ་དང་མ་དངུལ་སྒོར་དུང་ཕྱུར་350ཙམ་ཟིན་ཡོད། དེའི་རྨང་གཞིའི་ཐོག་ལག་བསྟར་བྱས་པའི་དཔལ་འབྱོར་བོད་སྐྱོར་དང་། རིག་ནུས་བོད་སྐྱོར། ཚན་རྩལ་བོད་སྐྱོར། ཁེ་ལས་བོད་སྐྱོར། ལས་ཞུགས་བོད་སྐྱོར་བཅས་དང་། དེ་བཞིན་སྨན་བཅོས་སློབ་གསོའི་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།

    ཟླ་5ཚེས་8ཉིན། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་མཐོ་འབྲིང་དང་པོར་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་ཡུལ་སྐོར་སློབ་གྲྭ་ནས་ཡིན་པའི་བོད་སྐྱོར་དགེ་རྒན་མཱ་ཏན(གཡོན་གྱི་གསུམ་པ)གྱིས་སློབ་མར་སློབ་རའི་ལུས་རྩལ་མཛུབ་ཁྲིད་བྱེད་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    “གྲོང་ཚོའི་ནང་ཞིང་ཟོག་ཁྲོམ་ར་དང་། སྒོ་རྩིས་ཚོང་ཁང་ཆུང་གྲས། བོད་ཟས་ཁང་། ཞིང་འཕྲུལ་ཉམས་བཟོ་ཁང་སོགས་བསྐྲུན་པ་དང་། ང་ཚོས་ད་དུང་སྡོང་ཕྲུག་ར་བ་བསྐྲུན་པ་དང་བཞོན་མ་གསོ་ཚགས་ཀྱི་གཞི་ཁྱོན་ཆེ་རུ་བཏང་ནས་མཉམ་སྡེབ་དཔལ་འབྱོར་ཟམ་མི་ཆད་པར་སྟོབས་ཆེར་གཏོང་བ་དང་གྲོང་མི་ཚོར་ཐབས་ལམ་མང་པོ་བརྒྱུད་ནས་འབབ་འཕར་ཡོང་བ་བྱ་རྩིས་ཡོད”ཅེས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་བདེ་སྐྱིད་གྲོང་གསར་གྱི་གྲོང་ཚོའི་ཀྲུའུ་རེན་འཕྲིན་ལས་བློ་བཟང་གིས་གསར་འགོད་པར་ཁོང་ཚོའི་མ་འོངས་ཀྱི་བསམ་ཚུལ་བརྗོད།

    ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་15995ཟིན་པའི་བདེ་སྐྱིད་གྲོང་གསར་ལ་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི་3650བཏང་བ་རེད། དེ་ནི་གསེར་རྙེད་ཆུས་ཀྱི་དེང་རབས་ཅན་གྱི་ཡུལ་གཞན་དུ་བཀོད་སྒྲིག་བྱས་པའི་ཁུལ་ཆུང་དང་པོ་རེད། 2017ལོར་ཀྲེ་ཅང་གིས་ནག་ཆུར་རོགས་སྐྱོར་བྱས་ཏེ་གསེར་རྙེད་ཆུས་ཀྱི་བདེ་སྐྱིད་གྲོང་གསར་སྐྲུན་འགོ་བརྩམས་ཡོད།

    ན་ནིང་ཟླ་5པར་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་ཁག་དང་པོའི་གྲོང་མི་83ལ་བདེ་སྐྱིད་གྲོང་གསར་གྱི་སྡོད་ཁང་གསར་པའི་ལྡེ་མིག་རག་རྗེས་ཐོག་པང་དམའ་བའི་ས་ཕག་ཁང་པ་ནས་སྤོ་ཐུབ་པ་བྱུང་ཡོད།

    མིག་སྔར་ཁ་གཏད་བོད་སྐྱོར་ལས་དོན་ཐོག་མའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་རྣམ་གྲངས་རྒྱབ་སྐྱོར་བྱེད་པ་ནས་ཐོན་ལས་འདེགས་སྐྱོར་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་། བློ་རིག་བོད་སྐྱོར་སོགས་ཕྱོགས་མང་པོའི་ཐད་འཕེལ་རྒྱས་གཏོང་བཞིན་ཡོད།

    ཟླ་2ཚེས་23ཉིན། པེ་ཅིང་གི་བོད་སྐྱོར་སྨན་པ་ཝང་ཞའོ་དིང(གཡས)གིས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་ནད་གཞི་ལྕི་བའི་ནད་ཁང་དུ་ནད་པར་སྒྲ་འདས་བརྟག་དཔྱད་བྱེད་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

    གསར་འགོད་པས་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྒྱལ་ཁབ་རིམ་པའི་སྔོ་ཚལ་ཚད་ལྡན་ཅན་གྱི་ཐོན་སྐྱེད་དཔེ་སྟོན་ཁུལ་དུ་སྔོ་ཚལ་དྲོད་ཁང་གྲལ་སྟར་བསྒྲིགས་ནས་བསྐྲུན་ཡོད་པ་དང་དྲོད་ཁང་ནང་གི་སྔོ་ཚལ་དང་ཤིང་འབྲས་སོགས་སྐྱེ་འཚར་ལེགས་པོ་ཡོད་པ་མཐོང་བྱུང་། དེ་ཚོ་ཐམས་ཅད་ཧྲན་ཏུང་བོད་སྐྱོར་ལས་བྱེད་པ་དང་ཞིང་ལས་ལག་རྩལ་རིགས་གཅིག་མཁས་ཅན་གྱིས་རྒྱུན་སྲིང་ལྷོད་མེད་ངང་འབད་བརྩོན་བྱས་པ་ལས་བྱུང་བ་ཞིག་རེད། ཐོག་མའི་ཇུས་འགོད་དང་འཛུགས་སྐྲུན་ནས་སྔོ་ཚལ་འདེབས་འཛུགས་དང་། དོ་དམ། ཕྱིར་འཚོང་བཅས་བར་ཧྲན་ཏུང་ཞིང་ཆེན་གྱིས་པ་སྣམ་ལ་སྔོ་ཚལ་ཐོན་ལས་ཀྱི་དབུལ་སྐྱོར་རྣམ་གྲངས་7རོགས་སྐྱོར་དང་ལག་བསྟར་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར་6.2བཏང་ཞིང་། ཕན་པ་ཐོབ་པའི་མང་ཚོགས་དབུལ་པོ་4000ལྷག་ཙམ་ཟིན་ཡོད།

    ཐོན་ལས་རོགས་སྐྱོར་བྱེད་པ་ཕུད། བོད་ལ་ཤེས་ལྡན་མི་སྣ་དཀོན་པའི་གནད་དོན་ཐག་གཅོད་བྱ་ཆེད། བོད་སྐྱོར་ལས་དོན་རུ་ཁག་ཁག་གིས་ཤེས་ལྡན་མི་སྣའི་རོགས་སྐྱོར་གནས་བབ་གལ་ཆེ་སར་བཞག་ཡོད། ཅང་སུའུ་ཡི་ཁག་དགུ་པའི་བོད་སྐྱོར་ལས་བྱེད་པ་125ཡི་ཁྲོད་ཆེད་ལས་ལག་རྩལ་མི་སྣ་དང“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་དགེ་རྒན་དང་སྨན་པ་ཁྱོན་བསྡོམས་མི་72ཡོད།

    ཟླ་10ཚེས་30ཉིན་གྱི་དགོང་མོ། ལྷ་སར་ཡོད་པའི་བོད་རང་སྐྱང་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་དུ་ཕྲུ་གུ་ཚོས་ཧྲང་ཧའེ་ཚན་རྩལ་ཁང་གི་རྒྱ་མཚོའི་བརྗོད་དོན་གཙོ་བོར་བྱས་པའི་སྐོར་སྐྱོད་འགྲེམས་སྟོན《ཆུ་སྲིན་གྱི་ངོ་མཚར་ལྡན་པའི་འཇིག་རྟེན》ཞེས་པར་ལྟ་བ། འདི་ནི་2020ལོའི་ཚན་རྩལ་པུས“ཚན་རིག་ཁྱབ་གདལ་གྱི་བོད་སྐྱོར”གྱི་རིམ་སྤེལ་བྱེད་སྒོའི་གྲས་ཤིག་ཡིན། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

    “ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་བོད་སྐྱོར་ལས་དོན་ཡག་པོ་བསྒྲུབ་པར་དམངས་འཚོར་དོ་སྣང་དང་མི་སེམས་གཅིག་སྒྲིལ་བྱས་ཏེ་མི་ཕན་ཚུན་གྱི་འབྲེལ་བ་དང་རིག་གནས་ཀྱི་མོས་སེམས་ཟབ་ཏུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་དགོས། ང་ཚོས་སྤུས་ཚད་ལེགས་པའི་བོད་སྐྱོར་ལས་དོན་ལ་བརྟེན་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུ་ཡིན”ཞེས་ཐེན་ཅིན་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་གི་རུ་དཔོན་དབྱང་ཧའོ་ཡིས་བརྗོད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001397187201