བོད་ལྗོངས།
ས་ཆ་དེ་རང་དུ་ལོ་གསར་བཏང་བས་སྐྱིད་སྣང་མི་འདྲ་ཞིག་ཚོར།

    བོད་ཀྱི་ས་གནས་ཁག་གི་མང་ཚོགས་ཀྱིས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་བསུས་ཡོད། འདི་ལོར་དུས་ཆེན་གཉིས་ཉིན་གཅིག་ལ་འཁེལ་བས། བོད་ཀྱིས་སྤྱི་འདོམས་ངང་རིམས་ནད་ལ་རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་ཚོད་འཛིན་བྱས་ཏེ་མང་ཚོགས་ལ་ས་ཆ་དེ་རང་དུ་བཀྲ་ཤིས་ལ་དྲོ་སྐྱིད་ལྡན་པའི་ལོ་གསར་གཏོང་དགོས་པའི་འབོད་སྐུལ་བྱས་ཡོད།

    ལོ་གསར་ཚེས་ལྔ་ཉིན་སྲུང་བ་ལུང་ཆུ་ཤུགས་གློག་ཁང་གི་ས་གནས་ས་ཐོག་ལ་འཁྲུག་ཆ་དོད་པའི་རྣམ་པ་ཞིག་མངོན་ཞིང་། རང་ལྗོངས་ཀྱི་ཁོངས་སུ་གཏོགས་པའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་བརྒྱ་ལྷག་ཙམ་ཟིན་པའི་ཆུ་ཤུགས་ལས་གྲྭ་ཆེ་ཤོས་ཨང་དང་པོ་ཡིན་པའི་སྲུང་བ་ལུང་ཆུ་ཤུགས་གློག་ཁང་གི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཁྱོན་ཆན་ཝ་ཁྲི་120དང་སྐས་རིམ་གྱི་མཉམ་འབྲེལ་འཁོར་སྐྱོད་ཀྱི་ལོའི་གློག་གཏོང་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་54.26ཟིན་གྱི་ཡོད། དེར་ཨར་སྐྲུན་བཟོ་པ་དང་དོ་དམ་པ་904ཡིས་ལས་ཡུལ་དུ་ལས་གནས་བརྟན་སྲུང་བྱས་ཏེ་བྲེལ་བརྩོན་ཆེན་པོས་ལས་ཀ་བྱེད་བཞིན་ཡོད་པ་མཐོང་བྱུང་།

    ཞ་ཡུང་འདི་ལོ་སྲུང་བ་ལུང་ལ་ལོ་གསར་གཏོང་ཐེངས་དང་པོ་མིན། ཀྲུང་གོ་གློག་ཤུགས་འབྲུ་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་ཀུང་སིའི་སྲུང་བ་ལུང་ཡན་ལག་ཀུང་སིའི་བདེ་འཇགས་ཁོར་ཡུག་སྲུང་སྐྱོང་པུའི་ཀྲུའུ་རེན་ཞིག་ཡིན་པའི་ཞ་ཡུང་གིས་རྒྱལ་ཁབ་ཀྱིས་ས་ཆ་དེ་རང་དུ་ལོ་གསར་གཏོང་དགོས་པའི་འབོད་སྐུལ་ལ་བརྡ་ལན་ཞུས་ཏེ་དཔྱིད་གསར་དུས་ཆེན་རིང་ཨར་པོ་བ་བདེ་འཇགས་ངང་རང་ཡུལ་དུ་ལོག་ཐུབ་པ་དང་ལོ་གསར་ཚར་རྗེས་བདེ་འཇགས་ངང་ལས་གནས་ལ་ཕྱིར་ལོག་ཐུབ་པའི་འགན་ལེན་བྱས་པ་མ་ཟད། དཔྱིད་གསར་དུས་ཆེན་གྱི་རྒྱུན་གཏན་ཨར་སྐྲུན་བྱེད་རིང་ས་གནས་ས་ཐོག་ཏུ་ཨར་སྐྲུན་བྱེད་མཁན་གྱི་ཚེ་སྲོག་བདེ་འཇགས་དང་ཐོན་སྐྱེད་བདེ་འཇགས་ཡོང་བའང་བྱེད་ཀྱི་ཡོད།

    “ཆུ་གཤོང་གི་ཆུ་སྒོ་བརྒྱབ་རྗེས། ལོ་འཁོར་གྱི་འབྲུབ་ཆུ་བདེ་འཇགས་དང་འཕྲུལ་ཚན་དང་པོ་ནས་དུས་བཀག་བཞིན་གློག་གཏོང་རྒྱུ་འགན་ལེན་བྱ་ཆེད་ང་ཚོའི་ལས་འགན་ཧ་ཅང་ལྕི་པོ་ཡོད། ང་ཚོས་ལས་གནས་བརྟན་སྲུང་བྱེད་པ་ནི་དཔྱིད་གསར་དུས་ཆེན་རིང་དང་དུས་ཆེན་རྗེས་ཕན་ཚུན་སྦྲེལ་མཐུད་ཡག་པོ་ཡོང་བའི་ཆེད་དུ་ཡིན”ཞེས་དཔྱིད་གསར་དུས་ཆེན་རིང་ཞ་ཡོང་དང་ཁོང་གི་ལས་རོགས་ཚོས་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བའི་རྣམ་འགྱུར་བསྟན་བཞིན་དུ་དེ་ལྟར་བཤད།

    ཉིན་ཤས་བསྟུད་མར་ལྷ་སའི་ཁྲོམ་གཞུང་ཆེ་ཆུང་ཚང་མར་ལྒང་བཞུ་དང་དར་ཚོན་གྱིས་བརྒྱན་ནས་གནའ་བོའི་གྲོང་ཁྱེར་གྱི་ཁྲོམ་གཞུང་གང་སར་ལོ་གསར་གྱི་རྣམ་པ་ཧ་ཅང་ཟབ། ཕོ་བྲང་པོ་ཏ་ལའི་མདུན་དུ“དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་དགའ་གཏོང་བྱེད”ཅེས་པའི་བཀྲ་ཤིས་མཚོན་རྟགས་ཀྱིས་བརྒྱན་པ་དང་། ཁྲོམ་གཟིགས་སྒང་དང་བར་སྐོར་ཁྲོམ་གཞུང་སོགས་སུ་མི་ཚོགས་ཀྱིས་ཁེངས་ཤིང་ཧ་ཅང་འཁྲུག་ཆ་དོད།

    “རིམས་ནད་རིང་མཉམ་འཛོམས་བྱེད་མི་རུང་ནའང་དུས་ཆེན་གཉིས་ཉིན་གཅིག་ལ་འཁེལ་བའི་དུས་བཟང་ཡིན་པས་ལོ་གསར་ཡག་པོ་ཞིག་གཏོང་དགོས”ཞེས་ལྷ་སའི་གྲོང་མི་ཚེ་རིང་ལྷ་མོས་བཤད།

    ས་ཆ་དེ་རང་དུ་ལོ་གསར་གཏོང་བའི་འབོད་སྐུལ་དོན་འཁྱོལ་བྱ་ཆེད། ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་ཁྲོམ་གཞུང་གཙོ་བོའི་བཟའ་བཏུང་དང་། ཞག་སྡོད། སྒོ་རྩིས་ཚོང་ཁང་སོགས་ལ“དུས་ཆེན་རིང་སྒོ་མི་རྒྱག་པའི”ཁ་གསབ་སྤྲོད་པ་དང་། “ཁ་གསབ་སྒོར་སུམ་སྟོང་རག་བྱུང་། ངའི་ཚོང་ཁང་དུ་སྨན་གླིང་གི་ཀུ་ཤུ་དང་། བྲག་ཡིབ་ཀྱི་ཚ་ལུ་མ། མེ་ཏོག་གི་ངང་ལག་ཆུང་ངུ་སོགས་ཡོད”ཅེས་ཤིང་འབྲས་འཚོང་མཁན་དབང་འདུས་ཀྱིས་ངོ་སྤྲོད་བྱས་པ་དང་། ཁོང་གིས་ངས་གྲོང་ཁུལ་འདིར་ཚོང་བརྒྱབ་ནས་ལོ་བཅུ་ལྷག་ཕྱིན་སོང་། ད་ཆ་འདི་གའི་ཤིང་འབྲས་ལ་གྲོང་མི་མང་པོས་དགའ་པོ་བྱེད་ཀྱི་འདུག་ཅེས་བཤད།

    གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་གྱི་སྒོ་རྩིས་ཚོང་ཁང་ཞིག་ནས་དེ་གའི་སྔོ་ཚལ་དང་། ཤིང་འབྲས། བྱ་ཤ། ཤ་སྨན་སོགས་སྣེ་ཁ་ཕུན་སུམ་ཚོགས་ལ། ཟོག་གོང་ཡང་བརྟན་པོ་ཡོད་པ་ཤེས་བྱུང་། སྒོ་རྩིས་ཚོང་ཁང་གི་འབྲེལ་ཡོད་འགན་འཁུར་བ་ཞིག་གིས་དུས་ཆེན་གཉིས་རིང་སྐུ་མགྲོན་ལ་ཟས་རིགས་སོས་པའི་དགོས་མཁོ་ཧ་ཅང་ཆེ་བས། ང་ཚོས་ཚོང་ཟོག་དེ་དག་ལ་འགོག་ཟོན་གྱི་བྱ་ཐབས་ནན་པོ་སྤྱད་ཡོད། ཟས་རིགས་སོས་པ་ཚང་མར་ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་ཡོད་པས་སྐུ་མགྲོན་གྱིས་བློ་བདེ་པོའི་ངང་སྤྱོད་ཆོག་ཅེས་ངོ་སྤྲོད་བྱས།

    ཕ་ཡུལ་སི་ཁྲོན་ནས་ཡིན་པའི་དྲ་ཐོག་སྔོན་མངགས་ཀྱི་ཁ་ལོ་བ་ཏེང་ལགས་འདི་ལོ་བོད་ལ་བསྡད་ནས་ལོ་གསར་བཏང་ཞིང་། ཁོང་གིས“སྲིད་གཞུང་གིས་ས་ཆ་དེ་རང་ལ་ལོ་གསར་གཏོང་དགོས་པའི་འབོད་སྐུལ་བྱས་པར་བརྟེན། ཁྱིམ་མི་དང་མཉམ་འཛོམས་མ་བྱུང་རུང་། གཞིས་རྩེར་ལོ་གསར་གཏོང་བར་སྐྱིད་སྣང་མི་འདྲ་བ་ཞིག་བྱུང་། ལོ་གསར་པར་ཕྱོགས་བཞིའི་ཡུལ་སྐོར་བ་སྔར་ལས་མང་བར་སྣེ་ལེན་ཐུབ་རྒྱུའི་རེ་བ་ཡོད”ཅེས་བཤད།

    ས་མཐོར་དཔྱིད་དཔལ་རབ་ཏུ་བཞད། བོད་ཀྱི་ས་ཕྱོགས་གང་སར་ཡུལ་ལྗོངས་ལྷག་པར་མཛེས། དྲོ་ཞིང་འཇམ་པའི་ཉི་འོད་རི་ཆུ་དང་གྲོག་རོང་གང་སར་འཕྲོས། གངས་ལྗོངས་ས་མཐོར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས།

    ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་སྡེ་ཁུལ་གྱི་ཚོགས་ཆུང་གཉིས་པའི་ཡུལ་མི་པ་སངས་དབང་འདུས་ལ་ལོ་གསར་གོང་སྡེ་ཁུལ་གྱི་བགོ་འགྲེམས་དངུལ་སྨར་སྒོར་3500དང་མར་རྒྱ་མ་10རག་ཡོད། ཁོང་གིས“2018ལོར་ང་ཚོའི་སྡེ་ཁུལ་དབུལ་སྒྲོལ་ཐུབ་ནས་ད་ཆ་ཡུལ་མི་ཚང་མ་ཐོག་བརྩེགས་གཉིས་ལྡན་གྱི་ཁང་པར་སྡོད་རྒྱུ་བྱུང་བས་སྔོན་མའི་གྲོང་ཚོའི་ཡུལ་མི་ཞིག་ནས་ད་ཆ་གྲོང་ཁྱེར་གྱི་གྲོང་མི་ཞིག་ཏུ་གྱུར་བར་བརྟེན། འབྱུང་འགྱུར་གྱི་འཚོ་བ་སྔར་བས་ཡག་ཏུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་བཤད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001397561271