བོད་ལྗོངས།
སླར་ཡང་འོད་སྣང་མཐོང་བ།

    རྒད་པོ་བསྟན་འཛིན་འཕྲིན་ལས་ནི་དེ་སྔ་བོད་ལྗོངས་སྣེ་གདོང་རྫོང་བསམ་གྲུབ་བདེ་ཆེན་ཤང་གི་ཞིང་བྲན་ཞིག་ཡིན་ཞིང་། 1958ལོའི་ཟླ་10པའི་དགོང་མོ་ཞིག་ལ། ལྷོ་ཁ་རྩེད་ཐང་དུ་བཅའ་སྲུང་ལས་དོན་རུ་ཁག་ལ་བསྐོར་རྒོལ་བྱེད་མཁན་ངོ་ལོག་ཇག་རྐུན་ཚོས་སྒོ་བཅགས་ནས་ནང་དུ་འཛུལ་རྗེས། ལོ་73ལ་བསླེབས་པའི་རྒད་པོ་བསྟན་འཛིན་འཕྲིན་ལས་ཀྱི་མགོ་ལ་རྩེ་གྲི་འཕྱར་ཏེ་ལྟས་ངན་ཁྱོད་ཀྱི་བུ་མོ་ཨ་ནན་གང་དུ་སྦས་ཡོད། ལམ་སེང་རྩིས་སྤྲོད་ཤོག ང་ཚོའི་སྐུ་ངོ་ཡིས་ཁྲལ་འུ་ལག་རྒྱུག་པར་འབོད་ཀྱི་འདུག་ཅེས་སྐད་ཤུགས་ཆེན་པོས་བཤད་པར། རྒད་པོས་སྡང་མིག་བགྲད་ཅིང་ཨམ་གཙིགས་བསྡམས་ནས་ཚིག་གཅིག་ཀྱང་མ་བཤད། ངོ་ལོག་ཇག་རྐུན་ཚོས་ཁང་པའི་ཕྱི་ནང་གང་སར་བཙལ་ཀྱང་མ་རྙེད་པས་མེ་མདའི་ཡུ་བ་རྒད་པོའི་མགོར་ཤུགས་ཀྱིས་གཞུས། རྒད་པོ་སར་འགྱེལ་ཡང་ད་དུང་མགོ་བོར་རྡོག་ཐོ་གཞུས་པས་རྒད་པོ་དྲན་པ་འཐོར། ངོ་ལོག་ཇག་རྐུན་ཚོས་ཁོང་ཤི་བ་རེད་བསམས་ནས་རྒད་པོའི་ཁྱིམ་གྱི་སླ་ང་འབའ་ཞིག་དེ་ཁྱེར་ནས་ཕྱིན། ཡུད་ཙམ་སོང་རྗེས་རྒད་པོ་རིམ་གྱིས་དྲན་པ་སོས་ཏེ་ཡར་ལངས་ཤིང་། ལུས་ཀྱི་རྨ་ཁར་ལྟ་བཞིན་སྐྱོ་བ་གཏིང་ནས་སྐྱེས། ཇག་རྐུན་དུད་འགྲོ་འདི་ཚོས། ཉིན་གཉིས་ཀྱི་གོང་དུ་ང་ལ་སྲན་མ་ཕྲན་ཙམ་ཡོད་པ་དེ་ཡང་འཕྲོག་པ་མ་ཟད་ད་དུང་ང་ལ་ཉེས་རྡུང་དྲག་པོ་བཏང་། དེ་རིང་ཡང་ངའི་བུ་མོར་བརྙས་བཅོས་ཤོད་གྲབས་བྱས། འཚོ་བ་འདི་འདྲ་ཇི་ལྟར་སྐྱེལ། བསམ་བཞིན་བསམ་བཞིན་མིག་ཆུའི་ཐིགས་པ་ཁྲག་དང་འདྲེས་ནས་ཟགས། ཉིན་བཞིའི་རྗེས་སུ། རྒད་པོའི་མིག་གཡས་པས་ཅི་ཡང་མི་མཐོང་བ་དང་མིག་གཡོན་མ་ཡང་རབ་རིབ་ཏུ་གྱུར་པས། རྒད་པོས་འདི་ལྟར་འཚོ་བ་ལས་ཤི་ན་དགའ་སྙམ་ཡང་མི་རིང་བར་བཅིངས་འགྲོལ་དམག་ཡོང་གི་ཡོད་པའི་གཏམ་བཟང་ཐོས། བཅིངས་འགྲོལ་དམག་ནི་དབུལ་པོ་ཉམ་ཆུང་ཚོའི་དཔུང་སྡེ་ཡིན་པས། ང་ཚོ་ཞིང་བྲན་ཚོར་བཅིངས་འགྲོལ་གཏོང་གི་རེད། འོན་ཀྱང་ད་དུང་འདི་གར་མི་འབྱོར་པ་ཅི་ཡིན་ནམ། གལ་སྲིད་བཅིངས་འགྲོལ་དམག་གིས་ང་ཚོར་རོགས་རམ་བྱས་ནས་ཧམ་གཤེད་ཅན་འདི་ཚོ་རྩ་མེད་བཟོས་ན་ཅི་མ་རུང་སྙམ།

    བཅིངས་འགྲོལ་དམག་བསླེབས་སོང་། 1959ལོའི་ཟླ་གསུམ་པར། བཅིངས་འགྲོལ་དམག་གིས་བོད་ཀྱི་ས་གནས་སྲིད་གཞུང་གི་མཐོ་རིམ་ལོག་སྤྱོད་ཤོག་ཁག་གིས་བསླངས་པའི་དྲག་པོའི་ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་གཏོང་འགོ་ཚུགས་ཤིང་། ལྷོ་ཁའི་ངོ་ལོག་ཇག་རྐུན་དེ་ཚོ་ཡང་རྩ་མེད་བཏང་། དེ་ནས་བོད་ཡོངས་སུ་ཚ་ཚ་འུར་འུར་ངང་དམངས་གཙོའི་བཅོས་སྒྱུར་བྱེད་འགོ་ཚུགས་ཏེ་བསྟན་འཛིན་འཕྲིན་ལས་ཚུད་པའི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པ་རེད། རྒད་པོ་བསྟན་འཛིན་འཕྲིན་ལས་ནང་མི་ཡོངས་ལ་རྨོ་ཞིང་མུའུ་20ཙམ་དང་སྡོད་ཁང་ཁང་མིག་4རག་པ་མ་ཟད། ད་དུང་ཕྱུགས་རིགས་དང་ཞིང་སྤྱོད་ཡོ་ཆས་ཀྱང་རག་པ་རེད། ངོ་ལོག་ཇག་རྐུན་ལ་གཡོལ་ནས་རི་ལ་བྲོས་པའི་ཨ་ནན་ཡང་ཕྱིར་ལོག་ནས་རྒད་པོ་དང་ལྷན་འཛོམས་བྱུང་། ཨ་ནན་གྱིས་རྩེད་ཐང་གྲོང་རྡལ་ནས་ཉོས་པའི་མའོ་ཀྲུའུ་ཞིའི་སྐུ་པར་3གྱང་ལྡེབས་སུ་སྦྱར་ཏེ་ཁ་བཏགས་བསྒྲོན། བསྟན་འཛིན་འཕྲིན་ལས་བུ་མོས་སྐྱོར་ནས་མའོ་ཀྲུའུ་ཞིའི་སྐུ་པར་གྱི་མདུན་དུ་བསྐྱོད་དེ་མའོ་ཀྲུའུ་ཞིའི་ཞལ་ཡག་པོ་མཇལ་འདོད་ཀྱང་། ཁོང་གི་མིག་གཡས་པས་གང་ཡང་མཐོང་གི་མེད་པ་དང་མིག་གཡོན་མ་ཡང་རབ་རིབ་ཏུ་གྱུར་པས་གྱང་ལྡེབས་སུ་ཤོག་ལྷེ་འགའ་སྦྱར་ཡོད་པ་ལས་གང་ཡང་མཐོང་གི་མེད་པས་སེམས་སྐྱོ་ནས་མིག་ཆུ་ཤོར། རྒད་པོས་བུ་མོས་སྐྱོར་ནས་ཏང་གིས་ཡར་ལངས་ཞིང་བྲན་གྱི་ཐོན་སྐྱེད་འཕེལ་རྒྱས་གཏོང་བར་སྐྱེད་མེད་དངུལ་བུན་བཏང་ནས་ཉོས་པའི་རྨོན་གླང་ལ་ལྟ་འདོད་ཀྱང་གང་ཡང་མཐོང་གི་མེད་པས་ལག་པས་བྱིལ་བྱིལ་བྱས་ནས་བསྡད། རྒད་པོ་མའོ་ཀྲུའུ་ཞིའི་སྐུ་པར་མདུན་དུ་བསྡད་དེ། གུང་ཁྲན་ཏང་དང་མའོ་ཀྲུའུ་ཞིས་ཞིང་བྲན་བཅིངས་འགྲོལ་བཏང་ནས་ང་ཚོར་འོད་སྣང་སྦྱིན། རྨོ་ཞིང་གནང་། དེ་རིང་ཡང་རྨོན་གླང་དོར་ཞིག་སྟེར། དངོས་གནས་དུས་དང་རྣམ་པ་ཀུན་ཏུ་ང་ཚོ་ཞིང་བྲན་ཚོར་ཐུགས་ཁུར་གནང་གི་འདུག མའོ་ཀྲུའུ་ཞི་ལགས། གལ་སྲིད་ངས་ཁྱེད་ཀྱི་ཞལ་རས་དང་། ཁྱེད་ཀྱིས་གནང་བའི་རྨོ་ཞིང་དང་རྨོན་དོར། འོད་སྣང་དང་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་བཅས་མཐོང་ཐུབ་ན་ཅི་མ་རུང་སྙམ།

    1959ལོའི་ཟླ་5ཚེས་15ཉིན་གྱི་དགོང་མོར། བསྟན་འཛིན་འཕྲིན་ལས་ཐོག་ཁ་ནས་ལྷུངས་ཏེ་མགོ་དང་བྲང་ཁར་རྨས་སྐྱོན་ཕོག མིག་གཡོན་མ་དེ་ཡང་གང་ཡང་མི་མཐོང་བར་གྱུར། ལྗོངས་མི་དམངས་སྨན་ཁང་གི་སྐོར་སྐྱོད་སྨན་བཅོས་རུ་ཁག་གིས་རྒད་པོ་བསྟན་འཛིན་འཕྲིན་ལས་བརྡབ་ཆགས་ཤོར་བའི་གནས་ཚུལ་ཤེས་རྗེས། འཕྲལ་དུ་མིག་ནད་ཚན་ཁག་གི་སྨན་པ་ཡང་ཡིན་པའི་ལི་མིང་ཡོན་མངགས་ནས་སྨན་བཅོས་བྱས། ཁོང་གིས་སྨན་བཅོས་བྱེད་སྐབས་རྒད་པོའི་ཡིད་སྐྱོ་བའི་མྱོང་བ་དང་རེ་འདུན་དྲག་པོ་ཤེས། ལི་མིང་ཡོན་གྱིས་རྒད་པོའི་མིག་ལ་བརྟག་དཔྱད་ཞིབ་ཚགས་བྱས་རྗེས། སྤོ་བོ་ལགས། ཁྱེད་ཀྱི་མིག་གཤག་བཅོས་བྱས་ན་དྲག་གི་རེད་ཅེས་བརྗོད་པ་ཐོས་འཕྲལ་རྒད་པོས་མྱུར་དུ་ག་དུས་གཤག་བཅོས་བྱེད་ཐུབ་ཅེས་དྲིས་པ་དང་། སྨན་པས“ཟླ་བ་གཅིག་གཉིས་ཙམ་རིང་ངལ་གསོ་ཡག་པོ་ཞིག་རྒྱོབ། རྨས་སྐྱོན་དྲག་རྗེས་སྨན་ཁང་དུ་བསྐྱལ་ནས་གཤག་བཅོས་བྱེད་ངེས་ཡིན”ཞེས་བཤད། ཟླ་6ཚེས་25ཉིན་གྱི་སྔ་དྲོར། བསྟན་འཛིན་འཕྲིན་ལས་ལྷོ་ཁ་ཀྲོན་ཆུས་མི་དམངས་སྨན་ཁང་གི་གཤག་བཅོས་ཁང་དུ་བསྐྱལ་ནས་སྨན་པ་ལི་མིང་ཡོན་གྱིས་གཤག་བཅོས་བྱས་པ་དང་། ཟླ་7ཚེས་4ཉིན། རྒད་པོའི་མིག་སང་དྲག་ཏུ་ཕྱིན་ནས་འཇིག་རྟེན་གྱི་འོད་སྣང་སླར་ཡང་མཐོང་ཐུབ་པར་གྱུར། སྨན་པ་ལི་མིང་ཡོན་གྱིས་མའོ་ཀྲུའུ་ཞིའི་སྐུ་པར་ཞིག་བཟུང་ནས་ཁོང་ལ“སྤོ་བོ་ལགས། འདི་ནི་ཁྱེད་ཀྱིས་ནམ་ཡང་མཇལ་འདོད་པའི་མའོ་ཀྲུའུ་ཞིའི་སྐུ་པར་རེད། ཁྱེད་ཀྱིས་མཐོང་སོང་ངམ”ཞེས་བཤད་པ་དང་། རྒད་པོས་སེམས་འགུལ་ཚད་མེད་ཐེབས་བཞིན་དུ“མའོ་ཀྲུའུ་ཞི་ལགས། ཁྱེད་ཞལ་མཇལ་ཐུབ་སོང་། དངོས་འབྲེལ་མཇལ་སོང་། ཐུགས་རྗེ་ཆེ། མའོ་ཀྲུའུ་ཞི་ལགས། ཐུགས་རྗེ་ཆེ”ཞེས་བཤད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001397581521