བོད་ལྗོངས།
“གནམ་ཕྱེད་ཀ་འདེགས་མཁན”བོད་ལྗོངས་ཀྱི་མཐོ་སློབ་སློབ་གྲྭར་འགྲོ་མུས་ཀྱི་སློབ་མའི་ཁྲོད་བུ་མོས་50%ལྷག་ཙམ་ཟིན་པ།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། བསྡོམས་རྩིས་གྲངས་གཞི་གསར་ཤོས་ལས་མངོན་པར་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱི་སྤྱིར་བཏང་མཐོ་རིམ་སློབ་གསོ་དང་། ཞིབ་འཇུག་སློབ་མའི་སློབ་གསོ། དར་མའི་མཐོ་རིམ་སློབ་གསོ་སོགས་ཀྱི་ཁྲོད་བུད་མེད་ཀྱིས་སློབ་གྲྭར་འགྲོ་མུས་ཀྱི་སློབ་མའི་བསྡུར་ཚད་ཀྱི་50%ལྷག་ཙམ་ཟིན་ཡོད། སློབ་གནས་མཐོ་བའི་བུད་མེད་དང་བུད་མེད་མཐོ་རིམ་ཤེས་ལྡན་པ་ཇེ་མང་དུ་སོང་སྟེ། ལྗོངས་ཡོངས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ལོངས་སྤྱོད་བྱེད་མཁན་བུད་མེད་ཀྱི་བསྡུས་ཚད་12.74%དང་17.78%སོ་སོར་ཟིན་པ་དང་བུད་མེད་རིག་གཞུང་སྣེ་ཁྲིད་པས་27.45%བཟུང་ཡོད།

    བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་ཁྲུའུ་ཡི་གསོ་སྦྱོང་གཞུང་ལས་ཁང་གི་ཀྲུའུ་རེན་མིག་སྐྱིད་མཚོ་མོས་དངོས་གཞི་དང་རབ་འབྱམས་པའི་དུས་མཚམས་གཉིས་ཀ་བོད་རང་དུ་འགྲིམ་ཞིང་། 2004ལོར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་ནས་རབ་འབྱམས་པའི་སློབ་གནས་བླངས་རྗེས་ཕྱི་རྒྱལ་དུ་སློབ་གཉེར་བྱེད་པར་བསྐྱོད་པ་དང་འབྲེལ། སྔ་རྗེས་སུ་དབྱིན་ཇིའི་ཉིའུ་ཅིན་སློབ་ཆེན་དང་ཨོ་སི་ཁྲུའུ་རི་ཡའི་ཚན་རིག་ཁང་ནས་འབུམ་རམས་པ་ཐོན་རྗེས་2016ལོར་བོད་དུ་ལོག་ཡོད།

    2019ལོའི་ཟླ་2ཚེས་28ཉིན། བོད་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་ཕྱུགས་རིགས་ཚན་ཁག་དུ་ཅི་ཆེའུ་མའེ་ཡིས་འབྲི་གཡག་གི་མ་དཔེར་བརྟེན་ནས་འབྲི་གཡག་གི་ཁྱད་ཆོས་འགྲེལ་བཤད་རྒྱག་པ། 1988ལོར་ཅི་ཆེའུ་མའེ་བོད་ལྗོངས་མི་རིགས་སློབ་གླིང(ད་ལྟའི་བོད་ལྗོངས་མི་རིགས་སློབ་ཆེན)ཞིང་འབྲོག་ཚན་ཁག་ནས་སློབ་ཐོན་བྱས་རྗེས་བོད་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་ཕྱུགས་རིགས་ཚན་ཁག་དུ་ལས་བསྐོས་བྱས་པས་འབྲི་གཡག་ཞིབ་འཇུག་གི་ལས་དོན་བསྒྲུབས། ཕྱིས་སུ་ཀྲུང་གོ་ཚན་རིག་ཁང་ས་ཁམས་ཚན་རིག་དང་ཐོན་ཁུངས་ཞིབ་འཇུག་ཚན་ཁག་དུ་མུ་མཐུད་ཟབ་སྦྱོང་བྱས་པ་དང་མ་ཟད་ཕྱིལ་རྒྱལ་དུ་སློབ་སྦྱོང་བྱེད་པར་བསྐྱོད་དེ་འབུམ་རམས་པའི་སློབ་གནས་ཐོབ་ཅིང་2002ལོར་རྒྱལ་ནང་དུ་ཕྱིར་ལོག་ཡོད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།

    མིག་སྐྱིད་མཚོ་མོས“ང་ལས་ཀར་ཞུགས་ཚུན་བོད་རིགས་བུ་མོ་མང་དག་ཅིག་ཞིབ་འཇུག་སློབ་མར་ཡིག་རྒྱུགས་འཕྲོད་ནས་ལས་རིགས་ཁག་ཏུ་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་ཕུལ་བ་མིག་མཐོང་ལག་ཟིན་བྱུང་། བོད་རྙིང་པར་བུད་མེད་ཚོར་མཐོ་རིམ་སློབ་གསོ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། བོད་གསར་པར་ང་ལ་མཐོ་རིམ་སློབ་གསོ་མྱོང་བའི་གོ་སྐབས་དེ་འདྲ་ཐོབ་པ་ནི་ལས་སླ་པོ་ཞིག་མིན་པ་གཏིང་ཟབ་ཚོར་གྱི་འདུག་ལ་མེས་རྒྱལ་ལའང་དྲིན་ཚོར་གྱི་སེམས་པས་ཁེངས་སོང”ཞེས་བརྗོད།

    བོད་ལྗོངས་ཀྱི་བུད་མེད་ཚོས་མཐོ་རིམ་སློབ་གསོ་རྒྱ་ཁྱབ་ངང་ལོངས་སྤྱོད་ཐུབ་པ་ནི་ཆབ་སྲིད་དང་། དཔལ་འབྱོར། འཕྲོད་བསྟེན་བདེ་ཐང་། སློབ་གསོ་སོགས་ཐད་ཀྱི་བུད་མེད་ཀྱི་ཁེ་ཕན་ལ་འགན་ལེན་གང་ལེགས་ཐུབ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ནུས་པ་དེ་བས་ཆེ་བ་བཏོན་པས་རེད། 《བོད་རང་སྐྱོང་ལྗོངས་ཀྱི་བུད་མེད་ལོ་རྒྱུས》ཞེས་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་ཁྲེ་མིང་ཧོའེ་ཡིས་བོད་ཀྱི་བུད་མེད་ཚོས་ད་ཆ་དངོས་སུ“གནམ་ཕྱེད་ཀ་འདེགས་མཁན”གྱི་ཡོད་པ་དང་། མི་ཚེའི་རིན་ཐང་མངོན་འགྱུར་བྱེད་པའི་ཐད་གོ་སྐབས་དང་ཐབས་ལམ་དེ་བས་མང་བ་ཞིག་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།

    2017ལོའི་ཟླ་11ཚེས་10ཉིན། བོད་ལྗོངས་སློབ་ཆེན་གྱིས་འབུམ་རམས་པའི་ཞིབ་འཇུག་སློབ་མའི་སློབ་ཐོན་མཛད་སྒོ་ཐོག་མ་གཉེར་བ་དང་སློབ་ཐོན་སློབ་མ་4ལ་འབུམ་རམས་པའི་སློབ་གནས་སྤྲད་ཡོད། པར་འདི་ནི་བོད་ལྗོངས་སློབ་ཆེན་གྱི་སློབ་གཙོ་ཅི་ཅེན་ཀྲའོ་ཡིས་འབུམ་རམས་པའི་སློབ་ཐོན་སློབ་མ་ཀྲང་ཧུའེ་ལ་རྟེན་འབྲེལ་ཞུ་བ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།

    ད་ཆ་བོད་ལྗོངས་ཀྱི་བུད་མེད་ཚོ་ཐབས་ཇུས་དང་དོ་དམ་ནང་ཞུགས་པའི་བསྡུར་ཚད་མཐོ་རུ་འགྲོ་བཞིན་ཡོད་ཅིང་། མིག་སྔའི་བར་བོད་ཀྱི་བུད་མེད་གཞུང་ལས་པས་གཞུང་ལས་པའི་བསྡོམས་འབོར་གྱི་33.3%ཟིན་པ་དང་། མི་དམངས་འཐུས་ཚོགས་ཀྱི་བུད་མེད་འཐུས་མི་དང་སྲིད་གྲོས་ཀྱི་བུད་མེད་ཨུ་ཡོན་གྱི་བསྡུར་ཚད་27.9%དང་26.7%ཟིན་པ། བུད་མེད་ཏང་ཡོན་1960ལོའི་1120ནས་2018ལོའི་ཁྲི་11བར་མང་དུ་སོང་ཡོད།

    2017ལོར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས《བོད་རང་སྐྱོང་ལྗོངས་ཀྱི་བུད་མེད་ཀྱི་འཕེལ་རྒྱས་འཆར་འགོད(2016ནས་2020ལོའི་བར)》ཁྱབ་བསྒྲགས་བྱས་པ་དང་། 2018ལོར་བཟོ་བཅོས་ཐེངས་གསུམ་པ་བརྒྱབ་པའི《བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་ཀྱི་ཁེ་དབང་འགན་ལེན་བཅའ་ཁྲིམས〉ལག་བསྟར་བྱ་ཐབས》དངོས་སུ་ལག་བསྟར་བྱས་ཡོད།

    བུད་མེད་ཀྱི་གནས་བབ་རྒྱུན་མཐུད་མཐོ་རུ་ཕྱིན་པ་དེས་བོད་ཀྱི་སྤྱི་ཚོགས་དུས་རབས་གསར་པར་འཕོ་འགྱུར་ཆེན་པོ་ཕྱིན་པ་མཚོན་ཐུབ། བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་རྒྱ་མཚོ་ལྷ་མོས་བོད་ཀྱི་བུད་མེད་ཚོས་ལས་ཀ་དང་འཚོ་བ་སྐྱེལ་སྟངས་གསར་པ་ཞིག་གི་འགོ་བཙུགས་པ་དང་། མི་ཚེའི་རིན་ཐང་མངོན་འགྱུར་བྱེད་པར་གོ་སྐབས་གསར་པ་ཞིག་བྱུང་ནས་གངས་ལྗོངས་ས་མཐོའི་སྤྱི་ཚོགས་འཕེལ་རྒྱས་ཐད་ལེགས་སྐྱེས་དེ་བས་ཆེ་བ་ཕུལ་ཡོད་ཅེས་བརྗོད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001397584241