བོད་ལྗོངས།
ཁ་བ་བུ་ཡུག་ཁྲོད་ཁྱིམ་དུ་ལོག་པའི་ལམ་བུ་བརྟན་སྲུང་བྱེད་པ།

    ཉེ་ཆར། རྒྱལ་ལམ་562ལམ་ཐིག་གྲོ་མོ་རྫོང་རྡོ་འཐག་ཟམ་པའི་ཉེ་འགྲམ་དུ་སྐོར་གཡེང་བྱེད་མཁན་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་པར་རླངས་འཁོར་ཞིག་ལམ་འགྲམ་གྱི་ཆུ་འབུད་ཡུར་བུའི་ནང་དིམ་པ་མཐོང་བ་དང་འགྲིམ་འགྲུལ་ཉེན་རྟོག་པ་ཁ་ཤས་ཀྱིས་རོཌ་རམ་བྱས་རྗེས་གཞི་ནས་འཁོར་བདག་ཉེན་ཁ་ལས་གྲོལ་ཐུབ་པ་བྱུང་།

    “ཁྱིམ་དུ་ལོག་སྐབས། གློ་བུར་དུ་ཁ་བ་ཆེན་པོ་བབས་པ་དང་མུན་པ་རུབ་སྟབས་ལམ་བུ་གཏན་ནས་མི་མཐོང་བས་ཆུ་འབུད་ཡུར་བུའི་ནང་འཁོར་ལོ་དིམ་ནས་འདོན་ཐུབ་མ་བྱུང་། གྲང་ངར་ཆེ་ལ་དངངས་འཚབ་ལངས་པའི་སྐབས་འདིར་འོད་ཆེམ་ཆེམ་དུ་འཕྲོ་བའི་འགྲིམ་འགྲུལ་ཉེན་རྟོག་པའི་ལས་གོས་མཐོང་བྱུང་བས་རང་ཉིད་བསྐྱབས་ཐུབ་རེ་ཡོད་པ་ཤེས་འཕྲལ་སེམས་ནང་དྲོ་སོབ་སོབ་ཀྱི་ཚོར་སྣང་ཞིག་བྱུང”ཞེས་འཁོར་བདག་གིས་བཤད།

    ཉེ་ཆར། གྲོ་མོ་རྫོང་དུ་གློ་བུར་དུ་ཁ་བ་ཆེན་པོ་བབས་པ་དང་གྲོགས་ཚོགས་ནང་ཚང་མས་ཁ་བ་བབས་རྗེས་ཀྱི་ཡུལ་ལྗོངས་མཛེས་ཤོས་སྟོན་བཞིན་ཡོད་མོད། འོན་ཀྱང་དེ་དུས་ནི་འགྲིམ་འགྲུལ་ཉེན་རྟོག་པ་རྣམས་བྲེལ་བརྩོན་ཆེ་ཤོས་ཤིག་རེད། གློ་བུར་དུ་ཁ་བ་ཆེན་པོ་བབས་ཀྱང་གྲོ་མོ་རྫོང་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱི་ལས་ཀའི་གོ་རིམ་འཁྲུག་མེད་པ་དང་ཛ་དྲག་ཆེན་པོ་ཡོད་རུང་འཕྲལ་དུ་བྱེད་ཐབས་རབ་དང་རིམ་པ་སྤྱད་མཐར་དུས་ཆེན་རིང་གི་མང་ཚོགས་ཀྱི་ཕྱིར་སྐྱོད་བདེ་འཇགས་འགན་ལེན་ཐུབ་ཡོད།

    གྲོ་མོ་རྫོང་སྤྱི་བདེ་སྡེ་ཚན་གྱིས་གྲོ་མོ་རྫོང་ཁོངས་ཀྱི་ཞིབ་བཤེར་ས་ཚིགས་གལ་ཆེན་གསུམ་དུ་བཀག་སྡོམ་ཁུལ་བཙུགས་ཏེ་སོ་ལྟ་བྱས་པ་དང་དུས་མཚུངས། གྲོ་མོ་རྫོང་གཞུང་ལམ་བདག་སྐྱོང་དུམ་བུའི་ལས་དོན་པ་དང་མཉམ་དུ་རྫོང་ཁོངས་ཀྱི་གཞུང་ལམ་གཙོ་བོའི་གངས་གསོག་ནུས་ཤུགས་ཡོད་རྒུས་གཙང་སེལ་བྱས་པ་དང་། ཚང་མས་ཕྱར་བ་གྲུ་འདེགས་ཀྱིས་གཞུང་ལམ་གྱི་གངས་འཕྱག་པ་དང་། ཚྭ་གཏོར་བ། འདྲེད་འགོག་བྱེ་མ་བཤོས་བ་བཅས་བྱས་ནས་གཞུང་ལམ་གྱི་གངས་གསོག་དུས་ཐོག་ཏུ་གཙང་འཕྱག་བྱས་ཏེ་ཐོག་གཞུང་ལམ་ཤར་གཏོང་བདེ་འཇགས་འགན་ལེན་བྱས་རྗེས་གཞི་ནས་འགྲིམ་འགྲུལ་དོ་དམ་ཚོད་འཛིན་མེད་པར་བཟོས་པ་རེད།

    “མ་གཞི་གནམ་གཤིས་གྲང་ངར་ཆེ་མོད། འོན་ཀྱང་ཚང་མའི་བདེ་འཇགས་བསྲུངས་ཏེ་མང་ཚོགས་ལ་དུས་བདེ་དང་བཀྲ་ཤིས་པའི་ལོ་གསར་ཞིག་གཏོང་རྒྱུ་བྱུང་ཚེ་དཀའ་སྡུག་ཇི་ཙམ་ཆེའང་བྱེད་རིན་ཡོད་པ་ཞིག་རེད”ཅེས་ལས་རོགས་ཉེན་རྟོག་པ་པད་མ་བསམ་གྲུབ་ཀྱིས་གསར་འགོད་པར་བཤད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001397605421