བོད་ལྗོངས།
བོད་ལྗོངས་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད་ལོ་70.6ལ་སླེབས་པ།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གྲངས་གཞི་ལས་མངོན་གསལ། 2019ལོའི་བར། བོད་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད་ཞི་བས་བཅིངས་འགྲོལ་བཏང་བའི་ཐོག་མའི་དུས(1951ལོ)ཀྱི་ལོ་35.5ནས་70.6བར་འཕར་བ་དང་། 2012ལོ་ནས་2019ལོ་བར། བོད་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད་ལོ་2.4འཕར་ཡོད་པ་རེད།

    “འདི་ལོ་ང་ལོ་100ལ་སླེབས་སོང་། ད་ཆ་ནད་གཞི་དུས་ཐོག་ཏུ་སྨན་བཅོས་ཐུབ་ལ་སྨན་རིན་ཡང་རྩིས་ཞུ་བྱས་ཆོག”ཅེས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ལྡིང་ཁ་གྲོང་ཚོའི་ལོ་བརྒྱ་ལ་སླེབས་པའི་བགྲེས་སོང་བག་གྲོས་དགའ་ཚོར་ཆེན་པོས་བཤད།

    2019ལོའི་ཟླ་3ཚེས་20ཉིན་གྱི་དགོང་མོར། བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ལྡིང་ཁ་གྲོང་ཚོའི་བགྲེས་སོང་བག་དྲོ་ལགས་ཀྱི་ཁྱིམ་དུ་འཁྲུག་ཆ་ལྷག་པར་དོད་ཅིང་། ཁོང་གི་སྤུན་གྲོགས་དང་གྲོང་ཚོའི་ལས་བྱེད་པ་མཉམ་དུ་འཛོམས་ནས་བགྲེས་སོང་ཁོང་དགུང་ལོ་99ལ་ཕེབས་པའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་ཡོད། པར་འདི་ནི་བགྲེས་སོང་བག་དྲོ་ལགས་ཀྱིས་འཁྲུངས་སྐར་མཛད་སྒོའི་ཐོག་རང་ཉིད་ཀྱི་ཚ་བོ་དང་དབུ་ཐུག་གནང་ནས་སྨོན་འདུན་བཟང་པོ་མཚོན་པར་གནང་བ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

    “འཛམ་གླིང་ཡང་རྩེར”གནས་པའི་བོད་ཀྱི་ཆ་སྙོམས་ས་བབ་སྨི་4000ལྷག་ཙམ་ཟིན་ནས་གྲང་ངར་ཆེ་ལ་གསོ་རླུང་དཀོན་པ་སོགས་རང་བྱུང་གི་ཁོར་ཡུག་ཞན་པས་ཚེ་སྲོག་ལ་ཚོད་བགམ་ནན་པོ་ཐེབས་ཀྱི་ཡོད། འོན་ཀྱང་དེང་གི་བོད་དུ་རྒན་རྒོན་མང་དག་ཅིག་བགྲེས་སོང་བག་གྲོ་ལྟར་ཚེ་རིང་པོ་ཡོད། གྲངས་གཞི་ལས་མངོན་པར། བོད་དུ་སྦྲུམ་མ་དང་ཕྲུ་གུ་སྐྱེས་མ་ཐག་གི་སྐྱེད་མ་ཤི་ཚད་དང་། ཕྲུ་གུ་དམར་འབྱར་ཤི་ཚད། ལོ་5མན་གྱི་བྱིས་པ་ཤི་ཚད་བཅས་2016ལོའི་109.9/ཁྲི་10དང་། 13.87‰ 18.65‰བཅས་ནས་2019ལོའི་63.68/ཁྲི་10དང་། 8.9‰ 11.37‰བཅས་ཆག་ཡོད།

    བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་སྐལ་བཟང་གཡུ་སྒྲོན་གྱིས་ངོ་སྤྲོད་བྱས་པར། ཉེ་བའི་ལོའི་རིང་བོད་ཀྱིས་རིམ་དབྱེའི་ནད་བརྟག་སྨན་བཅོས་ཀྱི་ལམ་ལུགས་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བས་རང་སྐྱོང་ལྗོངས་དང་། ས་ཁུལ་དང་གྲོང་ཁྱེར། རྫོང་། ཤང་བཅས་རིམ་བཞི་ནས་རྒྱུན་ནད་དང་དེ་བཞིན་མང་པོ་ན་བའི་ནད་ཀྱི་རིམ་དབྱེའི་ནད་བརྟག་སྨན་བཅོས་ཐུབ་པའི་ནད་རིགས་549ཡོད། ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་7ལ་སྨན་བཅོས་མཉམ་འབྲེལ་ཚོགས་པ་ཁྱབ་ནས་རིམ་ཁག་སྨན་བཅོས་མཉམ་འབྲེལ་ཚོགས་པ་དང་ཚན་པ་80ལྷག་ཙམ་བཙུགས་ཡོད། གསར་འགོད་པས་བོད་རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱས་པར། 2020ལོའི་ཟླ་1ཚེས་1ཉིན་ནས་བཟུང་། བོད་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་བཟོས་ནས་ཁྱབ་ཁོངས་དང་། མ་དངུལ་གྲབས་གསོག་སྲིད་ཇུས། འགན་ལེན་ཐོབ་ཐང་། སྨན་བཅོས་འགན་བཅོལ་དཀར་ཆག གནས་གཏན་འཁེལ་གྱི་དོ་དམ། དངུལ་རྩའི་དོ་དམ་བཅས་ཕྱོགས་དྲུག་གཅིག་གྱུར་བྱུང་ནས། གཞི་རྩའི་སྨན་བཅོས་ཀྱིས་རྨང་གཞི་དང་། ནད་ཆེན་འགན་བཅོལ་གྱིས་ཁ་གསབ། སྨན་བཅོས་རོགས་སྐྱོབ་ཀྱིས་ཐ་སྐྱོང་བཅས་བྱེད་པའི་ལམ་ལུཌ་གསུམ་ལྡན་གྱི་འགན་ལེན་ཆགས་ཡོད།

    2020ལོའི་ཟླ་3ཚེས་24ཉིན། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་ར་ཀོ་གྲོང་ཚོར་དགུང་ལོ་109ལ་ཕེབས་པའི་བསོད་ནམས་སྒྲོན་མ་ལགས(གཡས)དང་གཅུང་མོ་ཚེ་རིང་གཉིས་དབུ་ཐུག་གནང་བ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    གཞན་ཡང་2015ལོར་སྨན་བཅོས་ཤེས་ལྡན་པའི“ཚོཌ་སྒྲིག་རྣམ་པའི”བོད་སྐྱོར་ལག་བསྟར་བྱས་ཚུན། པེ་ཅིང་ཞེ་ཧོ་སྨན་ཁང་སོགས་སྨན་ཁང(ཚན་པ)8ཀྱིས་སྣེ་ཁྲིད་ཚན་པ་དང་ཀ་པ་རིམ་གསུམ་སྨན་ཁང་65ཡིས་ཚན་ཁག་འགན་གཙང་སྨན་ཁང་བྱས་ཏེ་སྨན་ཁང་གི་ཚན་ཁག་འགན་གཙང་གི་རྣམ་པར་བརྟེན་ནས་བོད་ཀྱི་སྨན་བཅོས་སྒྲིག་གཞིའི་ཤེས་ལྡན་པ་འཁྲིད་རོགས་དང་ཆེད་ཚན་འཛུགས་སྐྱོང་སོགས་ཀྱི་ལས་དོན་གྱི་འགན་འཁུར་ཡོད།

    མིག་སྔའི་བར་ལྗོངས་ཡོངས་ཀྱི་ནད་རིགས་དང་ཟུང་འབྲེལ་དང་རོགས་སྐྱོར་སྨན་ཁང་ལ་བརྟེན་ནས་བོད་ཀྱིས་ཚན་ཁག་164གཙོ་གནད་བསྐྲུན་པ་དང་སྙིང་ཁྲག་ཁོག་ནད་ཚན་ཁག་དང་། བུད་མེད་དང་བུ་བཙའི་ཚན་ཁག བྱིས་པའི་ཚན་ཁག་སོགས་ས་མཐོའི་ཁྱད་ཆོས་ལྡན་ལ་མང་ཚོགས་ཀྱི་དགོས་མཁོ་དང་མཐུན་པའི་ཚན་ཁག་རིགས་101གཙོ་གནད་བཙུགས་ནས་ལྗོངས་ཡོངས་ཀྱི“1+7”(རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་མི་དམངས་སྨན་ཁང་བདུན་)སྨན་ཁང་འཕེལ་རྒྱས་ཀྱི་རྫོགས་ལྡན་དུས་སུ་སླེབས་ཡོད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001397612901