བོད་ལྗོངས།
བོད་ལྗོངས་སུ་གཙོད་ཀྱི་གྲངས་འབོར་ཁྲི་20ལྷག་ཙམ་ཟིན་པ།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། ཡུལ་སྐོར་བ་བོད་བྱང་ཐང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མཐའ་ཁུལ་ནས་བརྒྱུད་སྐབས“ས་མཐོའི་སྤྱང་གྲུང་ཅན”གྱི་གཙོད་ཡང་ཡང་མཐོང་རྒྱུ་ཡོད།

    དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་བར“སྟོངས་ལ་ཉེ་བ”ནས་ད་ཆ“ཅུང་སྟོངས་ལ་ཉེ་བའི”བར་གྱི་ལོ་བཅུ་གྲངས་རིང་བོད་ཀྱི་གཙོད་ཁྱུ་ཚོགས་ཀྱི་གྲངས་འབོར་ཁྲི་5ཡས་མས་ནས་ཁྲི་20ཡན་བར་འཕར་ཡོད།

    བོད་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གཙོད། (2018ལོའི་ཟླ་12ཚེས་14ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་འཛོམས་དགའ་ཡིས་གཙོད་ཁྱུ་ཚོགས་ཀྱི་གྲངས་འབོར་སླར་གསོ་རང་བཞིན་གྱིས་འཕར་བ་དེ་སྲུང་སྐྱོང་བྱེད་ཐབས་ནུས་ལྡན་རབ་དང་རིམ་པ་སྤྱད་པ་ལས་བྱུང་བ་ཞིག་སྟེ། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་པ་དང་། ཆེད་དམིགས་ཀྱི་སྲུང་སྐྱོང་དོ་དམ་སྒྲིག་གཞི་དང་ཁྲིམས་སྐྱོང་དཔུང་ཁག་བཙུགས་པ་དང་། རྐུ་རྔོན་བཀག་འགོག་ནན་པོ་དང་དུས་བཀག་ལྟར་རི་སྐོར་བརྒྱབ་ནས་གཙོད་སོགས་སྐྱེ་དངོས་གཙོ་བོའི་ཁྱུ་ཚོགས་འགུལ་སྐྱོད་ལ་ལྟ་ཞིབ་ཚད་ལེན་བྱེད་པ། གཙོད་འཚོ་སྡོད་ཁུལ་དུ་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་ཀྱི་སློབ་གསོ་རྒྱ་ཁྱབ་སྤེལ་ནས་ས་གནས་དེ་གའི་ཞིང་འབྲོག་པ་སྲུང་སྐྱོང་དོ་དམ་ནང་ཞུགས་རྒྱུར་གདན་དྲངས་པ་བཅས་རེད་ཅེས་ངོ་སྤྲོད་བྱས་ཡོད།

    2015ལོར་བོད་ཀྱི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ཀྱི་ཚོད་ལྟའི་ས་ཚིགས་བཙུགས་ནས“ཅུས་དང་། ཡན་ལག་ཅུས། ས་ཚིགས། ས་ཚུགས”བཅས་རིམ་པ་བཞིའི་དོ་དམ་ལམ་སྲོལ་ལག་བསྟར་བྱས་པ་དང་དྲ་རྒྱ་ཅན་གྱི་སྲུང་སྐྱོང་ཁྱབ་གདལ་བཏང་སྟེ་དོ་དམ་ཡན་ལག་ཅུས་2དང་། དོ་དམ་ས་ཚིགས་73བཙུགས་ཤིང་། མིག་སྔར་ཞིང་འབྲོག་པ་780ཆེད་ལས་དོ་དམ་བདག་སྐྱོང་བར་གྱུར་ཡོད།

    བོད་ལྗོངས་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་དུ་པར་ལེན་བྱས་པའི་གཙོད། (2019ལོའི་ཟླ་1ཚེས་31ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

    ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་གི་སྐར་མ་དཔལ་འབྱོར་ནི་སྲུང་སྐྱོང་རུ་ཁག་གི་རུ་མིའི་གྲས་ཤིག་ཡིན་ཞིང་། ལོ་14ཡི་སྔོན་དུ་སྐར་མ་དཔལ་འབྱོར་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་མཁན་ཞིག་ཏུ་གྱུར་བ་དང་། ལོ་ལྟར་ལོ་ཕྱེད་རིང་ལེ་དབར་སྤྱི་ལེ་བརྒྱ་ཕྲག་ཡོད་པའི་མི་མེད་ལུང་སྟོང་དུ་བསྐྱོད་ནས་རི་སྐྱེས་སྲོག་ཆགས་འཚོ་སྡོད་ཀྱི་གནས་ཚུལ་དང་གྲངས་འབོར་ལ་ལྟ་ཞིབ་བྱས་རྗེས་ནགས་ལས་སྡེ་ཚན་ལ་གོང་ཞུ་བྱེད་དགོས་ལ། སྐབས་རེ་རྨས་སྐྱོན་ཕོག་པའི་རི་དྭགས་རོགས་སྐྱོར་ས་ཚིགས་སུ་སྐྱེལ་དགོས།

    “རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་པ་ནི་ང་ཚོ་ཐུན་མོང་གི་ཁྱིམ་གཞིས་ལ་སྲུང་སྐྱོང་བྱེད་པ་ཞིག་ཡིན་པ་དང་། སྲིད་གཞུང་གིས་ཟླ་རེར་ཁ་གསབ་ཀྱང་སྤྲོད་ཀྱི་ཡོད་པས་ང་ལས་ཀ་འདིར་དགའ་པོ་ཡོད”ཅེས་སྐར་མ་དཔལ་འབྱོར་གྱིས་བརྗོད།

    བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་ནང་ཁོངས་སུ་པར་ལེན་བྱས་པའི་གཙོད་ཕྲུག (2017ལོའི་ཟླ་6ཚེས་24ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    བྱེད་ཐབས་རབ་དང་རིམ་པ་སྤྱད་པ་ལས་བྱུང་བའི་ཕན་པ་ནི་གཙོད་ཁྱུ་ཚོགས་ཀྱི་གྲངས་འབོར་མགྱོགས་མྱུར་སླར་གསོ་རང་བཞིན་གྱིས་འཕར་བ་ཙམ་མ་ཡིན་པར། གྲངས་གཞི་ལས་མངོན་པ་ལྟར་ན་རྐྱང་གི་གྲངས་འབོར་དེ་སྔའི་ཁྲི་5ཙམ་ནས་ད་ཆའི་ཁྲི་9ལྷག་ཙམ་བར་འཕར་བ་དང་། ཁྲུང་ཁྲུང་མཇིང་ནག་དེ་སྔའི་1000ནས་3000བར་འཕར་བ་ནས་ད་ཆའི་8000ཙམ་བར་འཕར་བ། འབྲོང་གི་གྲངས་འབོར་ད་ཆའི་ཁྲི་1ཙམ་བར་འཕར་བ། གསའ་དང་། གཉན། གནའ་བ་སོགས་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་གྲངས་འབོར་ཡང་མངོན་གསལ་དོད་པོས་སླར་གསོ་རང་བཞིན་གྱིས་འཕར་ཡོད།

    ཁྱུ་ཚོགས་ཀྱི་གྲངས་འབོར་རྒྱུན་མཐུད་མང་དུ་ཕྱིན་ཏེ“ས་མཐོའི་སྤྱང་གྲུང་ཅན”དེ་གངས་ལྗོངས་ས་མཐོར་ཅི་དགར་རོལ་བ་དང་མི་དང་སྲོག་ཆགས་དབར་གྱི་འབྲེལ་བ་ཡང་འཆམ་མཐུན་དང་མཛའ་གཅུགས་ཅན་དུ་འགྱུར་བཞིན་མཆིས།

    “རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་སུ་ཟུག་ཡོད་པ་དང་། སྣོད་བཅུད་ཁོར་ཡུག་ཡག་པོ་དེ་ཀུན་ཕན་གྱི་དམངས་འཚོའི་བདེ་རྩ་ཞིག་དུ་གྱུར་ནས་སྣོད་བཅུད་ཤེས་དཔལ་ས་མཐོར་འཁོར་རྒྱུག་བཟང་པོ་ཐུབ་ཡོད”ཅེས་འཛོམས་དགའ་ཡིས་བརྗོད།

 

གྲངས་གཞིའི་ཐོག་ནས་བོད་ལྗོངས་གླེང་། —— ཤིན་ཧྭ་གསར་འགྱུར་ཁང་གི་མཉམ་འདྲེས་སྨྱན་སྦྱོར་གྱི་མུ་འབྲེལ་གསར་འགྱུར་ཆེད་སྒྲིག

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001397670391