བོད་ལྗོངས།
ས་མཐོའི་འགྱུར་ལྡོག་ངོ་མཚར་ཆེ། འབད་འཐབ་ལམ་བུ་གསར་པར་སྐྱོད།

     —— བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྐོར་བཀོད་པ།

    “རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་གཅིག་པུ་སྤྱི་ཡོངས་དབུལ་སྒྲོལ་ཐུབ་ནས་མང་ཚོགས་དབུལ་པོ་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་ཟིན་ནས་བསྟུད་མར་ཀྲུང་དབྱང་གིས‘ཕྱོགས་བསྡུས་གདེང་འཇོག་བཟང་པོའི’ཁོངས་སུ་གཏན་འཁེལ་གནང་ཡོད”ཅེས་འདི་ལོའི་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག་ཀྲུའུ་ཞི་ཆེ་དགྲ་ལྷས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་སྐབས་དེ་ལྟར་གསུངས་པ་རེད།

    དུས་རབས་ཕྱེད་ཀ་ལྷག་ཙམ་གྱི་གོང་། ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པ་དང་། ད་ཆ་བོད་ལྗོངས་འདི་ཉིད་ལོ་ངོ་བརྒྱ་ཕྲག་དུ་མ་དབུལ་པོ་དབུལ་རྐྱང་གི་འཆིང་རྒྱར་ཚུད་པའི་གནད་དོན་རྦད་དེ་ཐག་གཅོད་ཐུབ་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་པ་ནས་2019ལོའི་ལོ་མཇུག་བར། བོད་ཀྱི་རྫོང་དང་ཆུས་དབུལ་པོ་74ཡི་དབུལ་ཞྭ་ཕུད་པ་དང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8དབུལ་སྒྲོལ་ཐུབ་པ་དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་དུས་རབས་བརྒལ་བའི་དོན་སྙིང་ལྡན་པའི་གྲུབ་འབྲས་ཧ་ཅང་ཆེན་པོ་ཞིག་དང་། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་དམངས་ཚོའི་སྣེ་ཁྲིད་དེ་གཏོད་པའི་རླབས་ཆེའི་ངོ་མཚར་ཞིག་རེད།

    དམིགས་བསལ་བྱ་སྤྱོད་ལ་བརྟེན་ནས་འགག་གནད་བསལ་བ།

    “དེ་སྔ་ངས་གང་ཡང་ཤེས་ཀྱི་མེད། འོན་ཀྱང་ད་ཆ་རྒུན་འབྲུམ་སྡོང་པོར་ཡལ་གཅོད་བྱེད་སྟངས་དང་། སྦྱར་ག་རྒྱག་སྟངས་བཅས་ཚང་མ་ཤེས་ཀྱི་ཡོད་ལ་ཟླ་རེར་གླ་ཆ་སྒོར་3000ལྷག་ཙམ་རག་གི་འདུག”ཅེས་སྨར་ཁམས་རྫོང་གི་བོད་ཤར་གཅེས་ནོར་ཨ་རག་ཚད་ཡོད་ཀུང་སིར་ལས་ཀ་བྱེད་བཞིན་པའི་དབུལ་སྒྲོལ་ཐུབ་པའི་མང་ཚོགས་སྐལ་བཟང་ལྷ་མོས་རང་ཉིད་ཀྱི་ད་ཆའི་འཚོ་བར་བློ་ཡིད་ཚིམ་བཞིན་དེ་ལྟར་བཤད།

    འདི་ལྟ་བུའི་འཚོ་བ་དེ་སྔ་ཁོང་གི་བསམ་བློར་ཡང་འཁོར་མྱོང་མེད། ད་ཆ་ངལ་རྩོལ་གྱི་རྩལ་ནུས་ཆེ་རུ་བཏང་བ་བརྒྱུད་སྐལ་བཟང་ལྷ་མོའི་ཁྱིམ་གྱི་འཚོ་བ་ཉིན་རེ་ལས་མ་འདས་པར་ལེགས་སུ་འགྲོ་བཞིན་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ནས། དབུལ་སྒྲོལ་འགག་སྒྲོལ་ལས་དོན་གལ་ཆེ་ཤོས་དང་དམངས་འཚོའི་འདུ་འགོད་ཨང་དང་པོར་བརྩིས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་ཕྱོགས་བསྡུས་འཆར་འགོད་དང་། ཆེད་དོན་འཆར་འགོད། སྲིད་ཇུས་བྱ་ཐབས་བཅས་བཟོས་ནས་བཏོན་པ་དང་། རྒྱུན་ལྡན་མིན་པའི་བྱ་ཐབས་སྤྱད་པ་མ་ཟད་ཕར་ཆིན་རྒྱག་པའི་སྙིང་རུས་ཐོག་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ཏེ་བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འགན་ལེན་བྱས་ཡོད།

    དེ་དང་དུས་མཚུངས། རང་སྐྱོང་ལྗོངས་ཀྱིས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་འདོན་སྤེལ་གང་ལེགས་དང་སྲིད་གཞུང་གི་མ་འཇོག་གཙོ་བོར་བྱས་ཏེ་ཆེད་དོན་དབུལ་སྐྱོར་དང་། ལས་རིགས་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར། དངུལ་རྩའི་དབུལ་སྐྱོར། བོད་སྐྱོར་དབུལ་སྐྱོར་བཅས་ཟུང་དུ་འབྲེལ་བའི“ཕྱོགས་ལྔ་གཞི་གཅིག”གི་དབུལ་སྐྱོར་གྱི་བཀོད་པ་ཆེན་པོ་བཏོད་དེ་ཕྱོགས་ཡོངས་ནས་སྐུལ་འདེད་དང་། སྤྱི་ཚོགས་ཡོངས་སྐུལ་སློང་། གཙོ་རྒྱུ་ཡོངས་གཏོང་བ། དུས་དང་རྣམ་པ་ཀུན་ཏུ་འགན་ལེན་བཅས་བྱས་ནས་དབུལ་པོའི་ནང་གི་དབུལ་པོ་དང་འགག་རྩའི་ནང་གི་འགག་རྩར་དམིགས་ནས་ལྗོངས་ཡོངས་ཀྱི་སྟོབས་ཤུགས་སྤྱད་དེ་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་རྐྱང་བསལ་ཡོད།

    གནད་སྨིན་གྱི་བྱ་ཐབས་ལ་བརྟེན་ནས་དཀའ་གནད་བསལ་བ།

    དབུལ་སྒྲོལ་འགག་སྒྲོལ་གྱི་ལམ་བུའི་ཐོག་2015ལོའི་ལོ་མཇུག་ཏུ་དབུལ་པོ་ཐོན་ཚད་རྒྱལ་ཡོངས་ལས་བརྒྱ་ཆའི་གྲངས་19.62ལས་མཐོ་བ་དང་སྤྱི་ཡོངས་ཤིན་ཏུ་དབུལ་བའི་གནས་སུ་ལུས་པའི་བོད་འདི་ཉིད་ད་ཆ་ལོ་ངོ་བརྒྱ་ཕྲག་དུ་མ་དབུལ་པོ་དབུལ་རྐྱང་གི་གནས་སུ་ལྷུང་པའི་འཆིང་རྒྱ་ལས་རྦད་དེ་སྒྲོལ་བ་ཚང་མའི་བློ་ཡུལ་ལས་འདས།

    ད་ཆ་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་མོན་པ་མི་རིགས་ཤང་མག་མག་གྲོང་ཚོར་དུད་ཚང་66ཡོད་པའི་ནང་དུད་ཚང་49ཡིས་ཞིང་ཁྱིམ་སྤྲོ་སྐྱིད་ཁང་བཙུགས་པ་དང་གྲོང་གསེབ་ཡུལ་སྐོར་དེ་ཉིད་ཐོན་ལས་དབུལ་སྒྲོལ་གྱི་ཀ་རྟེན་གལ་ཆེན་གྱི་གྲས་སུ་གྱུར་ཡོད།

    ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཤོ་མོང་ཤང་ཧར་མདོ་གྲོང་ཚོའི་མི་རིགས་ལག་ཤེས་ཞིང་འབྲོག་པའི་མཉམ་ལས་ཁང་དུ་བུད་མེད་དབུལ་པོས་བཏགས་པའི་མི་རིགས་ལག་ཤེས་ཐོན་རྫས་ལ་མི་མང་པོས་དོ་སྣང་དང་དགའ་པོ་བྱེད་ཀྱི་ཡོད་པས་ཧར་མདོ་གྲོང་ཚོ་འབྱོར་འབྲིང་གི་ལམ་བུའི་ཐོག་སྐྱོད་འགོ་ཚུགས་ཡོད།

    བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ཐོབ་པའི་ལག་ལེན་ལས། དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་པའི་འགག་རྩ་ནི་གནད་སྨིན་ལ་ཐུག་པ་དང་། གཙོ་ཆེ་ཤོས་ནི་གནད་སྨིན་ཡིན་པ། རྒྱལ་ཕམ་ཡང་གནད་སྨིན་ལ་རག་ལུས་པ་བཅས་ང་ཚོར་བསྟན་ཡོད།

    2016ལོ་ནས་བཟུང་། རང་སྐྱོང་ལྗོངས་ཀྱིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་མཛད་ཇུས་མཐའ་འཁྱོངས་བྱས་ནས་དོན་དངོས་ཀྱི་ལྗོངས་བབ་ནས་འགོ་བཙུགས་ཏེ་ཡུལ་བབ་དང་བསྟུན་པ་དང་། རིགས་དབྱེ་ཇུས་འདོན། ཁྱད་པར་ཡོད་པའི་དབུལ་སྐྱོར་བཅས་བྱས་ཡོད།

    རོགས་སྐྱོར་བྱ་ཡུལ་གནད་སྨིན་ཡོང་བ་བྱས་ཏེ་ད་ལྟ་ལག་ལེན་བསྟར་བཞིན་པའི་ཚད་གཞི་དང་འཚམ་པའི་བོད་ཀྱི་མི་འབོར་དབུལ་པོ་ཚང་མར་ཡིག་ཚགས་དང་གཱ་བཟོས་པ་དང་། ཆ་འཕྲིན་མ་ལག་བབ་བསྟུན་དོ་དམ་གྱི་ལམ་སྲོལ་བཟོས་ནས་དུད་ཚང་ལ་གཱ་ཡོད་པ་དང་། གྲོང་ཚོར་ཐོ་ཡོད་པ། ཤང་དང་གྲོང་རྡལ་ལ་ཐོ་དེབ་ཡོད་པ། རྫོང་དང་ཆུས་ལ་གློག་རྡུལ་ཡིག་ཚགས་ཡོད་པ། ས་ཁུལ་དང་གྲོང་ཁྱེར་དུ་ལས་སྟེགས་ཡོད་པ། རང་སྐྱོང་ལྗོངས་སུ་གྲངས་གཞིའི་མཛོད་ཡོད་པ་བཅས་མངོན་འགྱུར་བྱུང་ཡོད།

    རྣམ་གྲངས་བཀོད་སྒྲིག་གནད་སྨིན་ཡོང་བ་བྱས་ཏེ་དབུལ་པོར་གྱུར་པའི་རྒྱུ་རྐྱེན་དང་དབུལ་པོའི་རིགས་མི་འདྲ་བར་དམིགས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་དབུལ་སྐྱོར་རྣམ་གྲངས་འཆར་འགོད་བྱེད་པ་དང་། རྣམ་གྲངས་མཛོད་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ས་ཁུལ་དང་། གྲོང་ཚོ། དུད་ཚང་། མི་བཅས་ལ་གཞིགས་ནས་དབུལ་སྒྲོལ་རྣམ་གྲངས་རིགས་དབྱེ་ལག་བསྟར་བྱེད་པ། ཁེ་ཕན་མཉམ་འབྲེལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཡོད།

    མ་དངུལ་བེད་སྤྱོད་གནད་སྨིན་ཡོང་བ་བྱས་ཏེ་དབུལ་སྐྱོར་མ་དངུལ་སྤྱི་འདོམས་དང་བསྡུ་སྒྲིལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དབུལ་སྐྱོར་གྱི་དགོས་མཁོ་དང་མ་དངུལ་མཁོ་སྤྲོད་ཕན་ཚུན་འཚམ་པའི་མ་འཇོག་འགན་ལེན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། དབུལ་སྐྱོར་རྣམ་གྲངས་དང་ཟུང་འབྲེལ་བྱས་ནས་མ་དངུལ་གནད་སྨིན་བཀོད་སྒྲིག་བྱེད་པ། མ་དངུལ་གྱི་ལས་རྗེས་དཔྱད་ཞིབ་རྗེས་སྙེག་བཅས་བྱས་ཡོད།

    བྱ་ཐབས་དུད་ཚང་དུ་གནད་སྨིན་ཡོང་བ་བྱས་ཏེ་དུད་ཚང་རེ་ལ་རྩིས་ཁྲ་རེ་དང་། དུད་ཚང་རེ་ལ་དབུལ་སྒྲོལ་གྱི་འཆར་གཞི་རེ།

    དུད་ཚང་རེ་ལ་རོགས་སྐྱོར་གྱི་བྱ་ཐབས་ཆ་ཚང་རེ་བཅས་བཟོས་ནས་དབུལ་སྐྱོར་བྱ་ཡུལ་ཚང་མར་རོགས་སྐྱོར་གྱི་བྱ་ཐབས་ཡོད་པ་བྱས་ཡོད།

    དབུལ་སྒྲོལ་གྱི་ཕན་འབྲས་གནད་སྨིན་ཡོང་བ་བྱས་ཏེ་དབུལ་སྒྲོལ་གྱི་ཕན་འབྲས་དཔྱད་ཞིབ་ལམ་སྲོལ་བཟོས་ནས་ལག་བསྟར་བྱས་པ་དང་། རྫོང་དབུལ་པོ་དང་། གྲོང་ཚོ་དབུལ་པོ། མི་འབོར་དབུལ་པོ་བཅས་དབུལ་པོའི་གྲས་ནས་དོན་པའི་ཚད་གཞི་དང་བརྒྱུད་རིམ་ལག་བསྟར་ནན་ཏན་བྱས་ཏེ་ད་ཡོད་ཀྱི་དབུལ་སྒྲོལ་ཚད་གཞི་གཞིར་བཟུང་ཕྱོགས་ཡོངས་ནས་དཔྱད་ཞིབ་བྱས་ཡོད།

    འབད་འཐབ་བྱེད་སེམས་ལ་བརྟེན་ནས་འབྱུང་འགྱུར་བསུས་པ།

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་ཚུན། རང་སྐྱོང་ལྗོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཀུན་སེམས་གཅིག་སྒྲིལ་དང་། དམག་ཧྲག་གཡུལ་གཏོང་། གནད་སྨིན་ཇུས་བསྟར། མཉམ་དུ་འགག་སྒྲོལ་བཅས་བྱས་པས་དབུལ་སྒྲོལ་འགག་སྒྲོལ་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེན་པོ་འཕེལ་བ། ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཤུགས་ཆེན་ཕྱིན་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟབ་ཏུ་ཤུགས་ཆེན་སོང་ཡོད།

    དེ་དང་ཆབས་ཅིག བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་དབུལ་སྒྲོལ་འགག་སྒྲོལ་གྱི་རླབས་ཆེའི་ལག་ལེན་ཁྲོད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བྱམས་སྐྱོང་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ། མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་བཅས་ཏན་ཏིག་ཚོར་ཏེ་དེ་བས་རང་རྟོགས་ངང་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཡོད།

    དབུལ་སྒྲོལ་འགག་སྒྲོལ་བྱུང་རྗེས་སྲ་བརྟན་མཐོར་འདེགས་ཐད་ད་དུང་ལས་དོན་འབོར་ཆེན་སྒྲུབ་དགོས་ཡོད།

    2021ལོ་ཤར་རྗེས་སླར་ཡང་འགོ་འཛུགས་ས་གསར་པ་ཞིག་ཏུ་སླེབས།

    འཚོ་བ་གསར་པ་དང་འབད་འཐབ་གསར་པའི་འགོ་འཛུགས་སར་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ་ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམ་པ་དང་། གྲོང་གསེབ་དར་རྒྱས་ཀྱི་བརྗིད་ཆེའི་ལེའུ་ཧུར་ཐག་བརྩམས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་པར་འབད་འཐབ་ལྷོད་མེད་བྱེད་དགོས།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001397694451