བོད་ལྗོངས།
བཅིངས་འགྲོལ་ཟམ་ཆེན་རབས་གསུམ་གྱི་འགྱུར་བ་མེད་པའི་མཐའ་མཚམས་ཀྱི་བརྩེ་སེམས།

    འདི་ནི་བཅིངས་འགྲོལ་ཟམ་ཆེན་གྱི་ལས་སྒྲུབ་ས་ཚིགས་སུ་བོད་ལྗོངས་ཉིང་ཁྲི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་མེ་ཏོག་རུ་ཆེན་འབྲས་སྤུངས་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ལྒང་བཞུ་འགེལ་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། བོད་ལྗོངས་ཉིང་ཁྲི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་མེ་ཏོག་རུ་ཆེན་འབྲས་སྤུངས་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཚོས་ན་ནིང་གི་ཟླ་7ཚེས་1ཉིན་ནམ་ཡང་བརྗེད་པར་དཀའ། ཉིན་དེར་ཁོ་ཚོས་འབྲས་སྤུངས་ཤང་གི་ཕྱིར་ཡོད་པའི་བཅིངས་འགྲོལ་ཟམ་ཆེན་དངོས་སུ་དོ་དམ་དང་ལེན་བྱེད་འགོ་ཚུགས་པ་རེད།

    “ཟམ་པ་དེར་དམིགས་བསལ་གྱི་དོན་སྙིང་ལྡན་ཡོད། ང་ཚོར་བདག་སྲུང་བྱེད་རྒྱུར་རྩིས་སྤྲད་པ་ནི་ལོ་རྒྱུས་ཀྱི་རྒྱུན་འཛིན་ཞིག་རེད”ཅེས་སུའོ་ཀྲང་ཡུས་ཡུས་དབྱིས་ཀྱིས་བཤད་བྱུང་།

    ཡར་ཀླུང་གཙང་པོ་འཕྲེད་ནས་བཅད་པའི་ཟམ་ཆེན་དེ་ཀྲུང་གོའི་ལྷོ་ནུབ་མཐའ་མཚམས་ས་ཁུལ་དུ་ཡོད། ཡུས་ཡུས་དབྱིས་ཀྱིས་དོན་དངོས་ཐོག་དེ་ནི“རབས་གསུམ་གྱི་ཟམ་ཆེན”ཞིག་རེད། ཟམ་ཆེན་རབས་དང་པོ་ནི་བཅིངས་འགྲོལ་དམག་གིས་མེ་ཏོག་ཏུ་བསྐྲུན་པའི་སྦྲེང་ཟམ་རེད་ཅེས་བརྗོད་བྱུང་།

    བོད་ཤར་ལྷོའི་རི་མཐོའི་ལུང་ཤུར་དུ་ཡོད་པའི་མེ་ཏོག་རྫོང་གི་ནུབ་དང་། བྱང་། ཤར་བཅས་ཧི་མ་ལ་ཡ་དང་གངས་རི་དཀར་པོས་བསྐོར་ཡོད་ལ། དབྱར་དུས་ཆར་ཆུ་མང་བའི་སྐབས་སུ་རི་ཉིལ་བ་དང་འདམ་རྡོའི་ཆུ་རུད་སོགས་ཀྱི་ས་གཤིས་གནོད་འཚེ་མང་པོ་ཐོན་པ་མ་ཟད། འགྲིམ་འགྲུལ་འཛུགས་སྐྲུན་གྱི་ཆ་རྐྱེན་ཧ་ཅང་ཞན།

    བོད་ཞི་བས་བཅིངས་འགྲོལ་བཏང་མ་ཐག་པའི་སྐབས་སུ་མེ་ཏོག་ལ་ཕྱི་ཕྱོགས་དང་འབྲེལ་བ་བྱེད་པའི་གཞུང་ལམ་གཅིག་ཀྱང་མེད།

    བཅིངས་འགྲོལ་དམག་མེ་ཏོག་ཏུ་བཅའ་སྡོད་བྱས་རྗེས། དཔོན་དམག་ཚོས་གཡང་གཟར་རི་བོ་གཏོར་ནས་དྲེལ་པ་ཐར་ཐུབ་པའི་ལམ་ཆུང་ཀྱག་ཀྱོག་ཅིག་བཟོས་ཏེ། 1964ལོར་བཅིངས་འགྲོལ་ཟམ་ཆེན་དང་པོ་དེ་བསྐྲུན་པ་རེད། ཟམ་ཆེན་ལ་སྤྱད་པའི་ལྕགས་སྐུད་ཐག་སྒྲིལ་ནི་དཔུང་སྡེའི་འཐབ་འཛིང་བ་75ཡིས་རུ་སྟར་རིང་བོ་བསྒྲིགས་ནས་ཕྲག་ཏུ་ཁུར་ཏེ་ཉིན་100རིང་མེ་ཏོག་ཏུ་དབོར་བ་རེད།

    2013ལོར་གཞུང་ལམ་ཤར་གཏོང་མ་ཐུབ་གོང་བར་བཅིངས་འགྲོལ་ཟམ་ཆེན་དེ་ནི་མེ་ཏོག་ཏུ་སྐྱོད་སའི་ལམ་གཅིག་པུ་དེ་རེད། ཟམ་ཆེན་དེ་བརྒྱུད་མི་དང་དྲེལ་ལ་བརྟེན་ནས་སྨན་གླིང་རྫོང་ཕད་གྲོང་རྡལ་བརྒྱུད་དངོས་ཟོག་མེ་ཏོག་ཏུ་དབོར་གྱི་ཡོད། དེར་བརྟེན་ཟམ་ཆེན་དེར་མེ་ཏོག་གི“སྲོག་རྩ”ཡང་བརྗོད་ཀྱི་ཡོད།

    ད་ཆ་མེ་ཏོག་གི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཕྱིན་མོད། འོན་ཀྱང་དབྱར་དུས་སྔར་བཞིན་ས་གཤིས་ཀྱི་གནོད་འཚེ་མང་པོ་ཐོན་པར་བརྟེན་གནས་དེར་ལས་ཀ་དང་འཚོ་བ་སྐྱེལ་མཁན་ལས་བྱེད་པ་དང་མང་ཚོགས་ལ་རྙོག་དྲ་ཆེན་པོ་བཟོ་གི་ཡོད། རི་ཉིལ་བ་དང་འདམ་རྡོའི་ཆུ་རུད་ཀྱི་གནས་ཚུལ་ཐོན་མ་ཐག་ལམ་འགགས་ཤིང་། གློག་དང་འཕྲིན་གཏོང་ཆད་དེ་མེ་ཏོག“ཁེར་ཆགས་གླིང་ཕྲན”དུ་འགྱུར་གྱི་ཡོད། ཉེན་རྟོག་ལས་བྱེད་པའི་ནང་མི་མེ་ཏོག་ཏུ་གཉེན་འཕྲད་ལ་འགྲོ་དགོས་བསམས་ཀྱང་དབྱར་ཁ་ལམ་འགག་པར་བརྟེན་འགྲོ་ཐུབ་ཀྱི་མེད།

    དེ་ལྟར་ཡིན་རུང་མི་དམངས་ཉེན་རྟོག་པ་ཚོས་ཁོངས་གཏོགས་ཁུལ་གྱི་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་འཚམས་འདྲི་བྱེད་ལ། གྲོང་མི་ཚོས་ཀྱང་རྐང་པར་འདམ་བག་འགོས་པའི་ཕོ་གཞོན་དེ་དག་ངོ་ཤེས་ཀྱི་ཡོད། དམག་ཞབས་ཐིམ་པའི་དམག་མི་པད་མ་ཚེ་རིང་གི་འཚོ་བར་དཀའ་ངལ་ཕྲད་པ་ཤེས་རྗེས། ཁོ་ཚོས་རྒན་རྒོན་ལ་འཚམས་འདྲིའི་དངུལ་སྤྲད་པ་མ་ཟད། ཁྱིམ་ཆས་ཉོ་རོགས་བྱས་ལ། ད་དུང་ཁོང་གི་བུའི་ལས་ཀ་ཡང་ཐག་གཅོད་བྱས་པ་རེད། མོན་པ་རིགས་ཀྱི་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་དང་དེ་བས་ལེགས་པའི་སྒོ་ནས་སྤེལ་རེས་བྱ་ཆེད། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཚོས་རང་འགུལ་ངང་མོན་པའི་སྐད་སྦྱངས་པ་རེད།

    ཏང་གི་དཔུང་ཁག་གིས་བསྐྲུན་པའི་དམངས་སེམས་ཟམ་པ་དེ་མུ་མཐུད་སྲུང་དགོས།

    ད་ཆ་རབས་དང་པོའི་བཅིངས་འགྲོལ་ཟམ་ཆེན་གཙང་ཆུས་བསྣུབས་པ་དང་རབས་གཉིས་པའི་ཟམ་ཆེན་2004ལོར་བསྐྲུན་པ་རེད། དེ་ནས་2016ལོའི་ཟླ་10པར་རབས་གསུམ་པའི་བཅིངས་འགྲོལ་ཟམ་ཆེན་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་ཡོད། མིག་སྔར་མེ་ཏོག་རྫོང་གི་ཕྱི་ཕྱོགས་དང་འབྲེལ་བ་བྱེད་པའི་གཞུང་ལམ་གཞན་ཞིག་སྟེ་ཕད་གྲོང་རྡལ་ནས་མེ་ཏོག་བར་གྱི་གཞུང་ལམ་སྐྲུན་བཞིན་ཡོད། གཞུང་ལམ་དེ་སྔོན་ཆད་རྐང་ཐང་མར་མེ་ཏོག་ལ་སྐྱོད་པའི་ལམ་ཐིག་གཞིར་བཟུང་སྐྲུན་བཞིན་ཡོད་ལ། ལམ་བར་དུ་རྡོ་གཞོང་ལ་གངས་རི་རྒྱལ་དགོས་པ་དང་མཐའ་སྣེ་སྔར་བཞིན་བཅིངས་འགྲོལ་ཟམ་ཆེན་རེད།

    “རབས་གསུམ་པའི་ཟམ་ཆེན”དེས་སླར་ཡང་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་ཀྱི་འཕེལ་རྒྱས་གསར་པར་དཔང་པོ་བྱས་ཡོད།

    འདི་ལོའི་དཔྱིད་གསར་དུས་ཆེན་ལ་འབྲས་སྤུངས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་20ཙམ་ནང་ལ་ལོག་ཐུབ་མེད། གནམ་གང་དང་ལོ་གསར་ཚེས་པ་གཅིག་གི་ལས་འགན་ལྕི་སྟབས་ཁོ་ཚོས་ཉིན་འགའ་ཤས་སྔ་སྣུར་གྱིས་མངགས་གཏོང་ཁང་དུ་ལོ་གསར་གྱི་ཟ་མ་བཟས་རྗེས་རང་རང་སོ་སོའི་ལས་གནས་སུ་ལོག བཅིངས་འགྲོལ་ཟམ་ཆེན་དུ་ཉིན་མཚན་བལྟོས་མེད་ངང་སྡོད་བྱ་བྱེད་མཁན་ཚོའི་གཟུགས་བརྙན་མཐོང་ལ། ཁོ་ཚོའི་ཉེ་འགྲམ་ནས་མཚམས་རེ་ཕད་གྲོང་རྡལ་ནས་མེ་ཏོག་བར་གྱི་གཞུང་ལམ་སྐྲུན་མཁན་ཚོ་ཡང་སྐྱོད་ཀྱི་ཡོད།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001397694481