བོད་ལྗོངས།
2020ལོར་བོད་ལྗོངས་ཀྱིས་བོད་སྐད་དུ་སྒྱུར་བཟོ་བྱས་པའི་གློག་བརྙན་བརྙན་འཕྲིན་བརྩམས་ཆོས་ཆུ་ཚོད་སྟོང་ལས་བརྒལ་བ།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། གྲངས་གཞི་གསར་ཤོས་ལས་མངོན་པར། 2020ལོར་བོད་རང་སྐྱོང་ལྗོངས་ཀྱིས་བརྙན་འཕྲིན་འཁྲབ་ཚན(འགུལ་རིས་གློག་བརྙན)ལེའུ་1300ལྷག་ཙམ་དང་། གློག་བརྙན་སྣ་ཚོགས་80ལྷག་ཙམ་བོད་སྐད་ལ་སྒྱུར་བཟོ་བྱས་པར་སྤྱིའི་དུས་ཚོད་ཆུ་ཚོད་1000ལས་བརྒལ་ཡོད་པ་རེད། ཡིན་ན་ཡང་2000ལོའི་གོང་དུ་བོད་ཀྱིས་བརྙན་འཕྲིན་འཁྲབ་ཚན(འགུལ་རིས་གློག་བརྙན)སྒྱུར་བཟོ་བྱེད་ཚད་ལོ་རེར་ལེའུ་300ལས་ཟིན་གྱི་མེད།

    ཀྲུང་གོའི་བོད་ལྗོངས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་བོད་སྐད་ལེ་ཚན་སྒྱུར་སྒྲིག་ལྟེ་གནས་སུ་ལས་མིས《གཉིད་འགུགས་མཁས་པ》ཞེས་པའི་གློག་བརྙན་ལ་བོད་སྐད་ཀྱི་སྒྲ་སྦྱོར་བྱེད་པ། (2015ལོའི་ཟླ་12ཚེས་11ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

    ངོ་སྤྲོད་བྱས་པར་གཞིགས་ན། 1965ལོར་བོད་ཀྱིས་བོད་སྐད་ལ་ཕབ་སྒྱུར་བྱས་པའི་གློག་བརྙན་དང་པོ《ལོ་ལེགས་བྱུང་རྗེས》དང་། 1982ལོར་བོད་སྐད་ལ་སྒྱུར་བཟོ་བྱས་པའི་བརྙན་འཕྲིན་འཁྲབ་ཚན་དང་པོ《ཀུན་གསལ་མེ་ལོང》བསྟན་པ་དང་། དེ་རྗེས་ལྗོངས་ཡོངས་ཀྱི་མང་ཚོགས་ལ་བོད་སྐད་ཀྱི་གློག་བརྙན་དང་བརྙན་འཕྲིན་འཁྲབ་ཚན་རྒྱུན་ཆད་མེད་པར་བསྟན་ཡོད། 2020ལོའི་ལོ་མཇུག་བར་བོད་ཀྱིས་བརྙན་འཕྲིན་འཁྲབ་ཚན(འགུལ་རིས་གློག་བརྙན)ལེའུ་ཁྲི་2.2ལྷག་ཙམ་དང་རིགས་ཁག་གི་གློག་བརྙན་2400ལྷག་ཙམ་བོད་སྐད་ལ་སྒྱུར་བཟོ་བྱས་པ་དེ་དག་གི་དུས་ཚོད་ཆུ་ཚོད་ཁྲི་2ལས་བརྒལ་བ་དང་སྟོན་རྒྱ་ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)7ལ་ཁྱབ་ཡོད།

    བོད་ལྗོངས་བརྙན་འཕྲིན་ལས་ཁུངས་བོད་སྐད་འཕྲིན་ལམ་གྱི་འགན་འཁུར་བ་བཀྲ་ཤིས་ཚེ་བརྟན་གྱིས“ཉེ་བའི་ལོའི་ནང་ང་ཚོས་བོད་སྐད་ལ་སྒྱུར་བཟོ་བྱས་པའི་བརྙན་འཕྲིན་འཁྲབ་ཚན་ལ་བྱུང་བའི་འཕེལ་རྒྱས་ནི་ཞིང་འབྲོག་མང་ཚོགས་ཚོས‘ལྟ་ཐུབ་པ་ནས་ལྟ་ཤེས་པ་དང་ལྟད་མོ་ཡག་པོ་ལྟ་བའི་བར’གྱི་འགྱུར་ལྡོག་རེད”ཅེས་བརྗོད།

    བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་དུ་མང་ཚོགས་ཀྱིས་ཁྱིམ་དུ་བརྙན་འཕྲིན་ལྟ་བ། (2020ལོའི་ཟླ་4ཚེས་15ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    དུས་ཡུན་རིང་པོའི་ནང་། བོད་ས་མཐོའི་དོན་དངོས་དང་མཐུན་པའི་ཚན་སློབ་གློག་བརྙན་ཧ་ཅང་ཉུང་ཞིང་། 2018ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་གློག་བརྙན་ཀུང་སིས་བོད་ཀྱི་དངོས་ཡོད་དང་མཐུན་པའི་སྐད་གཉིས་ཚན་སློབ་གློག་བརྙན་5རིམ་གྱིས་བཟོས་པ་དེའི་ནང་། 《ནས་ཀྱི་ཐོན་འཕར་ལག་རྩལ་ཏེ། གནོད་འཚེ་སྔོན་འགོག》སོགས་གློག་བརྙན་3ཡོངས་བསྒྲགས་བསྟན་ཡོད། མིག་སྔའི་བར་གཞི་རིམ་དུ་གློག་བརྙན་སྟོན་ཚད་3837ཟིན་ཡོད།

    བོད་རང་སྐྱོང་ལྗོངས་གློག་བརྙན་ཀུང་སི་མི་རིགས་སྐད་ཡིག་སྒྱུར་བཟོ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་བསོད་ནམས་ཚེ་རིང་གིས“ས་གནས་དེ་གའི་དོན་དངོས་དང་འཚམ་པའི་ཚན་སློབ་གློག་བརྙན་རང་ཚུགས་པར་ལེན་དང་བསྟན་པ་དེས་བོད་ཀྱི་སྤྱི་ཕན་ཚན་སློབ་གློག་བརྙན་ཁྱབ་ཁོངས་ཀྱི་སྟོང་ཆ་གསབ་ཡོད”ཅེས་བརྗོད།

    ཀྲུང་གོའི་བོད་ལྗོངས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་བོད་སྐད་ལེ་ཚན་སྒྱུར་སྒྲིག་ལྟེ་གནས་སུ་སྒྲ་སྦྱོར་བ་ལྷུན་གྲུབ་པ་སངས་ཀྱིས་བོད་སྐད་ལེ་ཚན་སྒྲ་སྦྱོར་བྱེད་པ། (2019ལོའི་ཟླ་3ཚེས་6ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    མི་རིགས་སྐད་ཡིག་གི་སྒྱུར་བཟོ་ལས་དོན་ལ་ཐོབ་པའི་གྲུབ་འབྲས་དག་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཤུགས་ཆེན་དང་ཁ་འབྲལ་ཐབས་མེད། 2000ལོ་ནས་བཟུང་ལག་བསྟར་བྱས་པའི“བོད་ཤིན་འདུ་འགོད”ཀྱི་དམིགས་ཡུལ་གཙོ་བོ་ནི་ནུབ་རྒྱུད་ཀྱི་གྲངས་ཉུང་མི་རིགས་ས་ཁུལ་དང་མཐའ་མཚམས་ས་ཁུལ་གྱི་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས། མི་རིགས་སྐད་ཡིག་གི་གློག་བརྙན་བརྙན་འཕྲིན་བརྩམས་ཆོས་ཀྱི་སྒྱུར་བཟོའི་ནུས་པ་ཆེ་རུ་གཏོང་ཆེད་རེད། “བོད་ཤིན་འདུ་འགོད”ལག་བསྟར་བྱས་པའི་ལོ་20ཡི་ནང་བོད་ཀྱི་མི་རིགས་སྐད་ཡིག་གི་སྒྱུར་བཟོའི་ལས་དོན་ལ་ལག་རྩལ་དང་མ་དངུལ་གྱི་རྒྱབ་སྐྱོར་ཐོབ་ནས་ས་གནས་དེ་གའི་མི་རིགས་སྐད་ཡིག་གི་སྒྱུར་བཟོའི་ལས་ཆོད་དང་སྤུས་ཚད་མཐོ་རུ་ཕྱིན་ཡོད།

    བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ཨུ་ལྷན་གཞུང་དོན་ཁང(རྩོམ་སྒྱུར་ཅུས)ཏང་ཙུའི་ཁོངས་མི་ཚེ་རིང་གཡུ་སྒྲོན་གྱིས་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་འོག་བོད་ཀྱི་མི་རིགས་སྐད་ཡིག་གི་སྒྱུར་བཟོའི་བྱ་གཞག་གིས་ཞིང་འབྲོག་ཁུལ་གྱི་མང་ཚོགས་ལ་སྤུས་ལེགས་ཀྱི་གློག་བརྙན་བརྙན་འཕྲིན་བརྩམས་ཆོས་རྒྱུན་ཆད་མེད་པར་བསྟན་ནས་མི་རིགས་རིག་གནས་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་འདེགས་སྐྱོར་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་བཏང་ཡོད་ཅེས་བརྗོད།

གྲངས་གཞིའི་ཐོག་ནས་བོད་ལྗོངས་གླེང་། —— ཤིན་ཧྭ་གསར་འགྱུར་ཁང་གི་མཉམ་འདྲེས་སྨྱན་སྦྱོར་གྱི་མུ་འབྲེལ་གསར་འགྱུར་ཆེད་སྒྲིག

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001397999221