བོད་ལྗོངས།
བོད་ལྗོངས་སུ་མི་སེར་ཕལ་པའི་ཁྱིམ་ལ་རླངས་འཁོར་མང་དུ་མགྱོགས་མྱུར་ཕྱིན་པ།

 

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། ཉེ་ཆར། བོད་ལྗོངས་ལྷ་སར་ལས་ཀ་བྱེད་བཞིན་པའི་གྲོང་མི་སྐལ་བཟང་གིས་སྒོར་ཁྲི་23བཏང་ནས་4Sཁང་ནས་བྱེས་བགྲོད་རླངས་འཁོར་གཅིག་ཉོས་ཤིང་། ཁོང་གིས“ཁྱིམ་ནས་ལས་ཁུངས་བར་ལམ་ཐག་སྤྱི་ལེ་6ཡོད། ད་ཆ་རླངས་འཁོར་ཡོད་པས་ཉིན་ལྟར་ལས་ཀར་སྐྱོད་པར་སྐར་མ་15ཙམ་ལས་འགོར་གྱི་མི་འདུག དངོས་གནས་སྟབས་བདེ་པོ་འདུག”ཅེས་བརྗོད། དེང་གི་དུས་སུ་བོད་རིགས་མི་སེར་ཕལ་པའི་ཁྱིམ་དུ་རླངས་འཁོར་སྤྱོད་མང་དུ་མགྱོགས་མྱུར་ཕྱིན་ཡོད། གསར་འགོད་པར་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་སྤྱི་བདེ་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། 2020ལོའི་ལོ་མཇུག་བར། བོད་དུ་འཕྲུལ་སྒུལ་འཁོར་རིགས་ལག་ཡོད་གྲངས་ཚད་656703དང་། འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བ་613682ཟིན་ཞིང་། 2020ལོ་ཁོ་ནར། བོད་དུ་ཉིན་རེར་ཆ་སྙོམས་རླངས་འཁོར་གསར་པ་ཉོ་ཚད་166ཟིན་ཡོད།

    ལྷ་སའི་ཁྲོམ་གཞུང་དུ་རྒྱུག་འགྲོ་བའི་རླངས་འཁོར། (2019ལོའི་ཟླ་7ཚེས་4ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལི་ཤིན་གྱིས་པར་བླངས།

    ཞི་བས་བཅིངས་འགྲོལ་མ་བཏང་གོང་། བོད་ཀྱི་མཐོ་རིམ་སྐུ་དྲག་ཉུང་ཤས་ལ་མ་གཏོགས་རླངས་འཁོར་མེད། སྐབས་དེ་དུས་ཀྱི་བོད་ལ་ཐ་ན་དེང་རབས་ཀྱི་དོན་སྙིང་ལྡན་པའི་གཞུང་ལམ་ངོ་དྲག་པ་གཅིག་ཀྱང་མེད་ཅིང་། རླངས་འཁོར་ཁ་ཤས་ཡོད་པ་དེ་དག་ཀྱང་ལྷུ་ལག་བཤིག་ནས་རྟ་དྲེལ་ལ་བཀལ་ཏེ་ལྷ་སར་དབོར་རྗེས་ཡང་བསྐྱར་སྒྲིག་སྦྱོར་བྱས་པ་ཞིག་ཡིན་པ་མ་ཟད། གྲོང་ཁུལ་གྱི་ས་རྡོའི་ལམ་དུ་གཏོང་རྒྱུ་ལས་མེད།

    ཁ་རག་ཚོགས་ཆུང་པེ་ཅིང་དང་བར་ཐག་སྤྱི་ལེ་5000ལྷག་ཙམ་ཆོད་པའི་ཐག་རིང་ལུང་ཁུག་གྲོང་ཚོ་ཞིག་ཡིན་པ་དང་། བོད་ལྗོངས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་ཚོ་སྲིབ་གསུམ་དཀྱིལ་ཤང་དུ་གནས་ཡོད། དེ་ཁུལ་མཐའ་བཞི་གངས་རིས་བསྐོར་བ་དང་རི་མཐོ་ལ་གཡང་གཟར་པོ་ཡོད་ཅིང་། ལོ་66ལ་སླེབས་པའི་ཤེས་རྣམ་རྡོ་རྗེ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་དེ་ཁུལ་དུ་སྐྱེས་པ་དང་། ཁོང་ལོ་ན་ཕྲ་བའི་དུས་སུ་རི་ཁུག་ཡོངས་སུ་གཞུང་ལམ་གཅིག་ཀྱང་མེད་ལ། གྲོང་མདོའི་ཕག་རི་ཆུ་བོ་དྲག་ཏུ་རྒྱུག་པས། ཀོ་གྲུར་བསྡད་ན་གཞི་ནས་ཆུ་བོ་སྒྲོལ་ཐུབ་ཀྱི་ཡོད། ཆུ་བོ་སྒྲོལ་རྗེས་རྐང་ཐང་མར་སྐྱོད་རྒྱུ་ལས་མ་འདས་པ་དང་། དཔལ་འབྱོར་འཁོས་ཀ་ཡག་པའི་ཁྱིམ་ཚང་ལ་མ་གཏོགས་རྟ་བཞོན་རྒྱུ་མེད་པ་རེད། ད་ཆ། ཁ་རག་བ་ཚང་མས་རླངས་འཁོར་ཕིག་ཀ་བཏང་ནས་ནོར་ལུག་འཚོས་ཤིང་། ཤེས་རྣམ་རྡོ་རྗེས“ང་ཚོ་རྐང་པ་འདམ་འབྱར་གྱི་ཞིང་འབྲོག་པ་ཡང་མོ་ཊར་སྡོད་རྒྱུ་བྱུང་སོང”ཞེས་དགའ་ཚོར་ཆེན་པོས་བརྗོད། དེ་སྔ“རྐང་ཐང་མར་ཕྱིར་སྐྱོད་པའི”ལོ་རྒྱུས་མཇུག་འགྲིལ་བ་མ་ཟད། རྟ་ལ་བཞོན་རྒྱུ་ཡང་རླངས་འཁོར་སྡོད་རྒྱུས་ཚབ་བྱས་ཡོད། ད་ཆ། ཆུ་གསུམ་ཤང་ནས་ཀྲི་ཕུ་ཆིའི་བར་གྱི་གཞུང་ལམ་ལ་སྣུམ་ནག་བཏིང་པས། ཤང་ནས་ཁ་རག་དང་། གསུམ་དཀྱིལ། ཚོ་སྲིབ་སོགས་བར་བསྐྱོད་པའི་གཞུང་ལམ་ཕྱོགས་བཞི་མཚམས་བརྒྱད་དུ་ཤར་གཏོང་ཐུབ་ཡོད།

    2019ལོའི་ཟླ་10ཚེས་28ཉིན། རླངས་འཁོར་ཞིག་ཉིང་ཁྲིའི་ནང་ཁོངས་ཀྱི་རྡོ་ཕུག་ཟམ་ཆེན་ཐོག་སྐྱོད་པ། (མི་མེད་གནམ་གྲུས་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    ལྷ་ས་ནས་ཉིང་ཁྲི་བར་དང་། ལྷ་ས་ནས་ནག་ཆུ་བར། རྩེད་ཐང་ནས་གོང་དཀར་གནམ་ཐང་བར་བཅས་ཀྱི་མྱུར་བགྲོད་གཞུང་ལམ་སོགས་རིམ་མཐོའི་གཞུང་ལམ་མང་པོ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་། དེ་བཞིན་གྲོང་གསེབ་ཀྱི་གཞུང་ལམ་མང་པོ་བསྐྱར་སྐྲུན་རྒྱས་སྐྲུན་བྱས་པ་དང་བསྟུན་ནས། བོད་ལྗོངས་ཡོངས་སུ་རླངས་འཁོར་ཤར་གཏོང་ཐུབ་པའི་གཞུང་ལམ་ལམ་ཐག་སྤྱི་ལེ་ཁྲི་11.67ཟིན་ནས། བོད་ཀྱི་མང་ཚོགས་འགྲོ་སྐྱོད་ལ་དེ་བས་སྟབས་བདེ་བསྐྲུན་ཡོད།

    “དེང་སང་། ཁྱིམ་ཚང་ཀུན་ལ་སྦག་སྦག་དང་རླངས་འཁོར་ཡོད་པས། རྟ་བཞོན་ནས་ཐག་རིང་ལ་འགྲོ་མཁན་མཐོང་རྒྱུ་མེད”ཅེས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་གི་ཡུལ་མི་ཆོས་སྐྱིད་བཟང་མོས་བརྗོད་པ་དང་། ཁོ་མོ་ཧ་ཉིད་གོ་བའི་དུས་ནས་རྟ་བཞོན་ཤེས་པ་དང་། གྲོང་ཚོའི་ལམ་ཤར་གཏོང་ཐུབ་རྗེས། ཁོ་མོའི་ཕས་རྟ་འཚོང་རྒྱུའི་ཐག་བཅད། ལོ་འགའི་གོང་། ཆོས་སྐྱིད་བཟང་མོར་ཁ་ལོ་བའི་ལག་ཁྱེར་རག་ནས་གྲོང་ཚོའི་ནང་རླངས་འཁོར་གཏོང་མཁན་བོད་རིགས་བུ་མོ་དང་པོར་གྱུར། ད་དུང་ཁོ་མོས་བྱང་ཆུབ་པའི་ཁ་ལོ་བའི་ལག་རྩལ་ལ་བརྟེན་པས་རྫོང་གྲོང་ནས་ལས་ཀ་རག་སྟེ་གཏན་འཇགས་ཡོང་འབབ་ཡོད།

    “མིག་སྔར་ཐེམ་ཁུངས་ལྷ་ས་ཡིན་པའི་མི་འབོར་ཁྲི་55ལྟར་རྩིས་བརྒྱབ་ན། སྤྱིར་ན་ཆ་སྙོམས་མི་གཉིས་རེར་རླངས་འཁོར་གཅིག་རེ་ཡོད”ཅེས་ལྷ་ས་གྲོང་ཁྱེར་འཁོར་རིགས་དོ་དམ་སུའོ་ཡི་སུའོ་ཀྲང་གཞོན་པ་ཧོང་ཅིན་ལུང་གིས་བརྗོད་པ་དང་། ཁོང་གིས། རླངས་འཁོར་ཉོ་འདོད་ཡོད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པས། རླངས་འཁོར་སྤུས་རྟགས་བཟོ་གྲྭ་དང་ཚོང་པ་མི་ཉུང་བ་ཞིག་གིས་ལྷ་སར་རླངས་འཁོར་ཚོང་ཁང་བཙུགས་ཡོད། པའོ་མཱ་དང་། པན་ཐན། ཧྥུང་ཐན་སོགས་རླངས་འཁོར་གྲགས་ཅན་གྱི་4Sཁང་བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་ཚང་མར་མཐོང་རྒྱུ་ཡོད་ཅེས་བརྗོད།

    ལྷ་སའི་སྡེ་ཁུལ་ཞིག་ནང་བཞག་པའི་རླངས་འཁོར། (2019ལོའི་ཟླ་7ཚེས་5ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།

    བོད་རིགས་མི་སེར་ཕལ་པའི་ཁྱིམ་དུ་རླངས་འཁོར་མང་དུ་ཕྱིན་པ་ནི་བོད་ཀྱི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་བ་དང་ཕྱུག་འགྱུར་བྱུང་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་མཚོན་ཚུལ་ཞིག་ཡིན་ཞིང་། བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གྲངས་གཞི་ལས་མངོན་གསལ། 2020ལོར། བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྔོན་དཔག་ལྟར་ན་སྒོར་40777དང་། སྒོར་14583ཟིན་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

    “སྔོན་ཆད། བོད་ཀྱི་ཞིང་འབྲོག་པའི་ཁྱིམ་ཚང་གི་ཆ་རྐྱེན་ཡག་ལོས་ཀྱི་ཚད་གཞི་རྟག་ཏུ་ནོར་ལུག་མང་ཉུང་དང་ཁང་པ་ཡག་ཉེས་ལ་ལྟ་གི་ཡོད། ད་ཆ། ཚད་གཞི་གཅིག་མང་དུ་ཕྱིན་ཡོད་པ་ནི་སྒེར་འཁོར་ཡོད་མེད་དེ་རེད”ཅེས་ནག་ཆུའི་འབྲོག་པ་ཉི་མས་བརྗོད།

    བོད་ཀྱིས་གྲོང་ཁྱེར་འཛུགས་སྐྲུན་ལས་གྲྭ་བསྐྲུན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བཞིན་ཡོད་ཅིང་། “ལྷ་སར་ཆ་བཞག་ན། ལོ་50ཡི་གོང་དུ་གྲོང་ཁུལ་རྙིང་པར་གཙུག་ལག་ཁང་ལྟེ་བར་བྱས་པའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་3ཙམ་ལས་མེད། ད་ཆ་སྤྱི་ལེ་ངོས་གྲུ་100བར་རྒྱ་སྐྱེད་ཕྱིན་ནས། རྒྱ་ཆེ་ལ་ཁོད་སྙོམས་པའི་འགྲོ་ལམ་མང་པོ་ལྷ་སའི་ཕྱོགས་གང་སར་ཤར་གཏོང་ཐུབ་ཡོད”ཅེས་ལྷ་ས་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་བརྗོད།

    མིག་སྔར། བོད་ཀྱིས་སྔ་རྗེས་སུ་ལྷ་ས་དང་གཞིས་རྩེ་སོགས་གྲོང་ཁྱེར་དུ་གྲོང་ཁྱེར་འགྲོ་ལམ་ཁག་51དང་། དེ་བཞིན་གྲོང་ཁྱེར་ནང་ཁུལ་གྱི་ཟམ་པ་6བསྐྲུན་པ་དང་། གྲོང་ཁྱེར་འགྲོ་ལམ་ལམ་ཐག་སྤྱི་ལེ་154བསྐྱར་དུ་སྐྲུན་པས། མྱུར་བགྲོད་ལམ་དང་། མ་ལམ་གཙོ་བོ། མ་ལམ་ཕལ་པ། ཉིང་ལག་ལམ་བཅས་ལས་གྲུབ་པའི་འགྲོ་ལམ་དྲ་རྒྱའི་མ་ལག་ཆགས་ཡོད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001398138761