བོད་ལྗོངས།
2020ལོར་ལྷ་སའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་གཉིས་འཕར་བྱུང་བ།

    ཉེ་ཆར། 2020ལོའི་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་གསར་འགོད་པར་ཤེས་རྟོགས་བྱུང་གསལ། 2020ལོར་ལྷ་སའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་གཉིས་འཕར་བྱུང་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

    2020ལོར། ལྷ་ས་གྲོང་ཁྱེར་གྱིས་ཀྲུང་དབྱང་དང་། རང་སྐྱོང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་དང་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས“བརྟན་པོ་དྲུག”གི་ལས་དོན་ཏན་ཏིག་བསྒྲུབས་པ་དང“འགན་ལེན་དྲུག”གི་ལས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་འཕེལ་རྒྱས་ལ་སྤྱི་འདོམས་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས། དཔལ་འབྱོར་འཕེལ་རྒྱས་ཐད་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད། 2020ལོར། གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་གོང་མ་ལས་7.8%འཕར་བ་དང་། དུས་ཚིགས་དང་པོ་ནས་གསུམ་པའི་བར་1.1%དང་། 5.3% 6.5%བཅས་སོ་སོར་འཕར་ནས་དུས་ཚིགས་རེ་རེ་བཞིན་སླར་གསོ་དང་ཡར་འཕེལ་ཡོང་བའི་རྣམ་པ་མངོན་ནས། ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕར་ཚད་དང་མཉམ་པ་དང་རྒྱལ་ཡོངས་ཀྱི་འཕར་ཚད་ལས་བརྒྱ་ཆའི་གྲངས་5.5མཐོ་བ་ཡོད། དེའི་ནང་། ཐོན་ལས་དང་པོ་འཕར་ཚད་ཅུང་མགྱོགས་པོ་བྱུང་ནས་འཕར་ཐང་11.2%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་16.5%འཕར་བ། ཐོན་ལས་གསུམ་པའི་ཁེ་ལས་བརྟན་པོའི་ངང་བསྐྱར་འཕར་བྱུང་ནས་འཕར་ཐང་2.1%འཕར་ཡོད་པ་རེད།

    2020ལོར། ལྷ་ས་གྲོང་ཁྱེར་གྱི་དམངས་འཚོ་འགན་ལེན་ནུས་ལྡན་བྱུང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་གཉིས་འཕར་བྱུང་བ། གྲངས་གཞི་ལས་མངོན་པར་གཞིགས་ན། 2020ལོར། གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་43640ཟིན་ནས་དུས་མཚུངས་ལས་སྒོར་3954འཕར་ཏེ་འཕར་ཚད་10.0%ཟིན་པ་དང་། གྲོང་གསེབ་ཀྱི་ཡུལ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་18268ཟིན་ནས་དུས་མཚུངས་ལས་སྒོར་2052འཕར་ཏེ་འཕར་ཚད་12.7%ཟིན་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་ཐད་ཀྱི་ཧེ་བག་སྔར་བས་ཆུང་དུ་ཕྱིན་ཡོད་པ་རེད།

    “བརྟག་ཞིབ་གྲངས་གཞི་ལས་མངོན་པར་གཞིགས་ན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་ཐད་གཤམ་གསལ་གྱི་ཁྱད་ཆོས་གསུམ་མངོན་ཡོད་པ་སྟེ། ལས་ཞུགས་འགན་ལེན་བྱེད་ཐབས་དོན་འཁྱོལ་བྱུང་ནས་ཕན་འབྲས་ཐོན་ཞིང་གླ་ཕོགས་རང་བཞིན་གྱི་ཡོང་འབབ་བརྟན་པོའི་ངང་འཕར་བ་དང་། དམངས་འཚོ་འགན་ལེན་བྱེད་ཐབས་མང་པོ་བཏོན་ནས་གཉེར་སྐྱོང་གི་ཡོང་འབབ་ཁེ་གཙང་དང་གཞན་སྒྱུར་བྱས་པའི་ཡོང་འབབ་ཁེ་གཙང་འཕར་ཚད་ཅུང་མགྱོགས་པ། ཞིང་འབྲོག་པའི་ཡོང་འབབ་འཕར་ཚད་ཅུང་མགྱོགས་པོ་བྱུང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་ཐད་ཀྱི་ཧེ་བག་མུ་མཐུད་ཆུང་དུ་འགྲོ་རྒྱུར་སྐུལ་འདེད་ཐེབས་པ”གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། གྲོང་གསེབ་དར་རྒྱས་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ཁྱོན་ཡོངས་ནས་ལག་བསྟར་བྱས་པ། ལྷ་ས་གྲོང་ཁྱེར་གྱི་ཞིང་འབྲོག་པའི་ཡོང་འབབ་འཕར་བའི་ཕུགས་ཕན་ལམ་སྲོལ་རིམ་བཞིན་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་བཅས་དང་བསྟུན་ནས། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དེ་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཡོང་འབབ་ལས་བསྟུད་མར་མཐོ་བ་བྱུང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་ཀྱི་ཧེ་བག་རིམ་བཞིན་ཆུང་དུ་ཕྱིན་ཡོད་ཅེས་ལྷ་ས་གྲོང་ཁྱེར་བསྡོམས་རྩིས་ཅུས་ཀྱི་གསར་འགྱུར་མགྲིན་ཚབ་པ་ཧོང་ཧྲུའུ་ཁྲུན་གྱིས་ངོ་སྤྲོད་བྱས་པ་རེད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001398616511