བོད་ལྗོངས།
རྫོང་ཁོངས་དཔལ་འབྱོར་གྱི་སྒུལ་ཤུགས་འཕེལ་བར་བྱས་པ།

    —— ལྷ་སའི་གྲོང་འདབས་ཀྱི་རྫོང(ཆུས)དུ་བཅའ་སྡོད་ལྟ་ཞིབ་བྱས་པ།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱི་རྫོང(ཆུས)ཁག་གིས་རང་ངོས་ཀྱི་ཐོན་ཁུངས་འབེལ་པོར་གཞིགས་ནས་ཡུལ་བབ་དང་བསྟུན་ཏེ་རིག་གནས་ཡུལ་སྐོར་དང་འབྲི་གཡག་རྒྱགས་གསོ་སོགས་ཐོན་ལས་གསར་གཏོད་དང་འཕེལ་རྒྱས་བཏང་བ་དང་། ས་གཙང་ཐོན་ལས་ས་ཁོངས་ཀྱི་སྤུས་རྟགས་གཙོ་གནད་ཐོག་བཏོད་པ། ངལ་ནུས་མང་དག་ཅིག་ཉེ་སར་ལས་ཞུགས་ཐུབ་པ་དང་འབབ་འཕར་བརྟན་པོ་ཡོང་བར་སྐུལ་ཁྲིད་བྱས་པས་རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱོགས་སུ་སྐྱོད་བཞིན་ཡོད་པ་རེད།

    སྲོལ་རྒྱུན་གྱི་འབྲི་གཡག་གསོ་ཚགས་བྱེད་སྟངས་ཟམ་མི་ཆད་པར་འཚོལ་ཞིབ་དང་གསར་གཏོད་བྱས་ཏེ་ཉེ་བའི་ལོ་5ཙམ་ནང་ལྷ་ས་གྲོང་ཁྱེར་གྱིས་འབྲི་གཡག་ཐོན་ལས་གཞི་ཁྱོན་ཅན་དང་ལེགས་བསྡུས་ཞིབ་གཉེར་ཅན་གྱི་ཕྱོགས་སུ་སྐུལ་འདེད་བཏང་བས་འབྲི་གཡག་བཤས་གཏོང་ཚད་དང་ཚོང་ཟོག་ཏུ་གྱུར་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་བཞིན་ཡོད་པ་རེད།

    སྟག་རྩེ་ཆུས་ཐང་དཀར་ཤང་ལོ་ཕུ་གྲོང་ཚོར་གནས་པའི་བོད་ལྗོངས་ཐའེ་ཁྲེང་འོ་ལས་ཚད་ཡོད་ཀུང་སི་ནི་ཐོན་ལས་དབུལ་སྐྱོར་སྣེ་འདྲེན་ཁེ་ལས་ཤིག་རེད། “ཁེ་ལས་ཀྱིས་བེད་མེད་ཐང་རྒོད་མུའུ་482དང་རྨོ་ཞིང་མུའུ་500འབྲི་གཡག་གསོ་ཚགས་དང་གཟན་རྩྭ་འདེབས་འཛུགས་ཐད་སྤྱད་དེ་ལོར་བརྒྱུད་བཤུག་དངུལ་སྒོར་ཁྲི་70ལྷག་ཙམ་ཟིན་གྱི་ཡོད། གྲོང་མི་ཚོས་གསོ་ཚགས་ར་བར་འབྲི་གཡག་དུས་ཐུང་རྒྱགས་གསོར་བཅོལ་གྱི་ཡོད་པ་དང་གསོ་ཚགས་ར་བས་གཟན་ཆགས་ཁོ་ནའི་དངུལ་མ་གཏོགས་ལེན་གྱི་མེད་པས་འབྲི་གཡག་རེར་ལོར་ཡོང་འབབ་སྒོར་1000ལྷག་ཙམ་ཡོང་གི་ཡོད། ཀུང་སིས་ད་དུང་ཉེ་འགྲམ་ནས་ལོ་ཕུ་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་89ཡི་མི་346ལས་ཀར་བསྡུས་པར་མི་རེར་ལོ་རེར་ཁེ་སྤོགས་སྒོར་3000བགོ་བཤའ་བརྒྱབ་པས་ཞིང་འབྲོག་པའི་ཡོང་འབབ་མངོན་གསལ་དོད་པོ་འཕར་ཡོད”ཅེས་བོད་ལྗོངས་ཐའེ་ཁྲེང་འོ་ལས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་མཱ་ཁྲེང་ཤན་གྱིས་བཤད། ལོ་29ལ་སླེབས་པའི་ལོ་ཕུ་གྲོང་ཚོའི་གྲོང་མི་པ་སྒྲོན་གྱིས“ཁྱིམ་ནས་བཟོ་གྲྭ་བར་སྐར་མ་ཁ་ཤས་ལས་སྐྱོད་དགོས་ཀྱི་མེད། སྒོ་རྩར་ལས་ཞུགས་ཐུབ་པ་མ་ཟད་ཟླ་རེར་ཡོང་འབབ་སྒོར་3000ལྷག་ཙམ་ཡོད”ཅེས་བཤད།

    ལྷ་ས་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱི་འགན་ཁུར་བས་འདམ་གཞུང་རྫོང་དང་། སྟག་རྩེ་ཆུས། ལྷུན་གྲུབ་རྫོང་། མལ་གྲོ་གུང་དཀར་རྫོང་། སྙེ་མོ་རྫོང་བཅས་རྫོང(ཆུས)5ཡིས་ཁེ་ལས་དང་། ཆེད་ལས་མཉམ་ལས་རྩ་འཛུགས། ཁྱིམ་ཚང་འབྲོག་ར། དུད་ཚང་ཐར་ཐོར་སོགས་རྣམ་པ་སྣ་ཚོགས་སྤྱད་དེ་འབྲི་གཡག་རྒྱགས་གསོ་མང་དུ་བཏང་ནས་འབྲི་གཡག་ཐོན་ལས་ཀྱི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་མངོན་གསལ་དོད་པོ་བཏང་ཡོད། ལོ་3གྱི་ནང་ལྷ་ས་གྲོང་ཁྱེར་གྱིས་འབྲི་གཡག་བཤས་གཏོང་ཚད་ལོ་ལྟར་མགོ་གྲངས་8000ནས་ཁྲི་2ཙམ་བར་མང་དུ་བཏང་ནས་ཐོན་ལས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པར་བྱས་ཡོད།

    ཕུན་སུམ་ཚོགས་པའི་རིག་གནས་ཐོན་ཁུངས་ཀྱིས་ཀྱང་ལྷ་སའི་ས་ཆ་ཁག་ལ་འཕེལ་རྒྱས་ཀྱི་གོ་སྐབས་སྦྱིན་ཡོད། 2013ལོ་ཚུན། ཡུས་ཧྲང་ཧོ་མེ་ཚོགས་པས་མི་རིགས་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་དང་། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས། ས་གནས་དེ་གའི་མང་ཚོགས་ལ་རྒྱུན་མཐུད་འབབ་འཕར་ཡོང་བར་སྐུལ་འདེད་བཏང་ཡོད།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚེ་མཆོག་གླིང་གྲོང་ཚོ་ལྷ་ས་སྐྱིད་ཆུའི་ལྷོ་ངོགས་སུ་གནས་པ་དང་དེ་སྔ་དབུལ་ཙམ་ཡོད། ཉེ་བའི་ལོ་7ཙམ་རིང་དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》ཡི་གཙོ་བོ་བྱས་པའི་དཔེ་སྟོན་ཕན་འབྲས་འདོན་སྤེལ་བྱས་ཏེ་བོད་ཀྱི་རིག་གནས་ཡུལ་སྐོར་བསམ་བཀོད་གླིང་དུ་ཐོན་ལས་གཅིག་སྡུད་ཡོང་བར་སྐུལ་ཁྲིད་བྱས་ཡོད། ཀུན་གཏོད་བར་མཐོངས་དང་མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་གླིང་སོགས་རྣམ་གྲངས་གཞིས་ཆགས་པ་དང་བསྟུན་ནས་གླིང་ཁུལ་དུ་ཡུལ་སྐོར་འཁྲབ་རྩལ་ཐོན་ལས་ལྟེ་བར་བྱས་པའི་རིག་གནས་ཡུལ་སྐོར་གྱི་ཐོན་ལས་འཁོར་སྦྲེལ་ཧྲིལ་པོ་རིམ་བཞིན་བསྐྲུན་ཡོད་པ་རེད།

    ལོ་5ཡི་ནང་ལྷ་ས་གྲོང་ཁྱེར་ས་གཙང་ཐོན་ལས་ཚོགས་པས་ཐོན་འཚོང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཐོན་ལས་ཕྱིར་ཚོང་གི་འགོག་རྐྱེན་མེད་པ་བཟོས་ཏེ་ནུས་ཆེ་དང་རྒྱུན་མཐུད་འཕེལ་རྒྱས་ཆོག་པའི་ཁྱད་ལྡན་ལམ་བུ་གསར་པ་འཚོལ་ཞིབ་བྱས་ཡོད། “དེང་རབས་ཞིང་ལས་དམ་འཛིན་བྱ་གཞིར་བྱས་ཏེ་ཚོགས་པས་གོམ་སྟབས་རྗེས་མར་མུའུ་3000ཡོད་པའི་འཁོར་སྐྱོད་ཞིང་ལས་རྟེན་གཞི་བསྐྲུན་ཏེ་ཕག་པ་དང་། བྱ་དེ། བ་གླང་། ཤིང་འབྲས། སྔོ་ཚལ་སོགས་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱ་རྩིས་ཡོད”ཅེས་ལྷ་ས་ས་གཙང་ཐོན་ལས་ཚོགས་པའི་འབྲེལ་ཡོད་འགན་ཁུར་བས་བཤད། ཁོང་ཚོས་ད་དུང་སྙེ་མོ་རྫོང་དང་། ཆུ་ཤུར་རྫོང་། ལྷུན་གྲུབ་རྫོང་བཅས་སུ“ཀུང་སི་དང་། རྟེན་གཞི། ཞིང་དུད”བཅས་མཉམ་ལས་ཀྱི་ཐོན་སྐྱེད་རྟེན་གཞི་10བཙུགས་ཏེ་དེང་རབས་ཞིང་ལས་འཁོར་སྐྱོད་དཔལ་འབྱོར་ལ་གསོན་ཤུགས་གསར་པ་སྣོན་རྩིས་ཡོད་པ་རེད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001398639371