བོད་ལྗོངས།
ཁུང་ཧྥན་སེན་གྱིས་བོད་ལ་བཅངས་པའི་བརྩེ་སེམས་ཟབ་མོ།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་6ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཟླ་6པར་བོད་ལྗོངས་མངའ་རིས་སེང་གེ་ཁ་འབབ་དུ་གནས་པའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་གྱི་ཁུང་ཧྥན་སེན་གྱི་བང་སོའི་མདུན་དུ་མི་མི་ཉུང་བ་དུར་མཆོད་བྱེད་པར་སླེབས་ཡོད།

    ཁུང་ཧྥན་སེན་ནི་1944ལོའི་ཟླ་7པར་འཁྲུངས་པ་དང་། ཧྲན་ཏུང་ལེའོ་ཁྲེང་ནས་ཡིན། སྐུ་འཚོ་བཞུགས་སྐབས་བོད་ལ་ཐེངས་གཉིས་ཕེབས་ནས་ཕྱག་ལས་གནང་མྱོང་། 1992ལོའི་ལོ་མཇུག་ཏུ་མངའ་རིས་ས་ཨུད་ཀྱི་ཧྲུའུ་ཅིར་བསྐོས་ནས་ཕྱག་ལས་གནང་རིང་། ས་ཁུལ་ཡོངས་ཀྱི་ཤང་106ཁྲོད་ནས་ཤང་98དང་ལམ་ཐག་སྤྱི་ལེ་ཁྲི་8ལྷག་ཙམ་ལ་ཕེབས་ནས་བོད་རིགས་མང་ཚོགས་དབར་མཛའ་མཐུན་གྱི་འབྲེལ་བ་ཟབ་མོ་བཙུགས་ཡོད།

    བོད་དུ་ཕྱག་ལས་གནང་རིང་ཁུང་ཧྥན་སེན(གཡོན)གྱིས་བོད་རིགས་ཀྱི་བྱིས་པར་ཟུར་ཁྲིད་གནང་བ། (དཔྱད་གཞིའི་འདྲ་པར)

    མངའ་རིས་ས་ཁུལ་དུ་ལས་ཀ་ཡུན་རིང་བྱེད་མྱོང་བའི་ཐང་ཝུན་མིང་གིས་སྔར་གྱི་གནས་ཚུལ་གསལ་ལེར་དྲན་པ་སྟེ། དགུན་ཁ་ཞིག་ལ་གཤམ་སྐྱོད་བྱེད་པའི་ལམ་བར་དུ་ཁུང་ཧྥན་སེན་གྱིས་ལམ་ཟུར་དུ་གུར་ཞིག་ཕུབ་ཡོད་པ་གཟིགས་པ་དང་། དེར་ཕེབས་སྐབས་བཟའ་ཚང་ཁ་བྲལ་བའི་ཨ་མ་ཞིག་གིས་ཕྲུ་གུ་བཞི་གསོ་བཞིན་པ་མཁྱེན་རྗེས། ཁོང་གི་ལུས་ལ་དངུལ་སྒོར་80ཙམ་ལས་མེད་པ་དེ་དག་བཏོན་ཏེ་ཕྲུ་གུའི་ཨ་མ་དེར་སྤྲད་གནང་བ་མ་ཟད། ཕེབས་ཁར་ལུས་ཐོག་གི་ཏ་དབྱི་དེ་ཕུད་ནས་ཕྲུ་གུ་ཞིག་ལ་གཡོགས་གནང་བ་རེད།

    “ཁུང་ཧྥན་སེན་གྱིས་དེ་དུས་ང་ཚོར་གལ་སྲིད་མི་སེར་ཚོའི་འཚོ་བའི་ཆུ་ཚད་འདི་འདྲ་ལས་མེད་ཚེ་ང་ཚོས་གོང་གནམ་དང་འོག་ས་ལ་ངོ་གནོང་དགོས་པ་ཞིག་རེད་ལ། བར་མི་སེར་ཚོ་ལའང་དེ་བས་ངོ་གནོང་དགོས་པ་ཞིག་རེད་ཅེས་གསུངས་མྱོང”ཞེས་ཐང་ཝུན་མིང་གིས་བཤད།

    “གནམ་གཤིས་ཞན་ལ་ས་བབ་མཐོ་ཞིང་གྲང་ངར་ཆེ་བ་དང་གསོ་རླུང་དཀོན་པ་མ་ཟད། ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ལྷག་ཟིན་པའི་མངའ་རིས་ས་ཁུལ་ནི་བོད་ཀྱི་དཀའ་ཚེགས་ཆེ་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན། དུས་ཡུན་རིང་པོ་དབུལ་པོར་གནས་པ་དེས་ས་གནས་དེ་གའི་འཕྲོད་བསྟེན་གྱི་མཐུན་རྐྱེན་རྗེས་ལུས་ཐེབས་ལ་སྨན་དོན་པའང་མི་འདང་བའི་གནས་སུ་ལྷུངས་ཡོད། སྨན་བཅོས་ཆུ་ཚད་འབྲིང་ཙམ་ཡིན་པའི་ཁུང་ཧྥན་སེན་གྱིས་གཤམ་སྐྱོད་ལ་ཕེབས་རིམ་བཞིན་སྔོན་ལ་སྨན་ཡག་པོ་ཉོས་ཏེ་ལུས་ལ་ཁྱེར་བའི་སྨན་སྒམ་ཆུང་ཆུང་ནང་བླུགས་ནས་སྐབས་འཕྲལ་དུ་མང་ཚོགས་ལ་ན་ཚ་ལྟ་ཞོར་སྨན་སྟེར་གྱི་ཡོད།

    ཐེངས་ཤིག་གཤམ་སྐྱོད་སྐབས་ཁུང་ཧྥན་སེན་ལ་གློ་ཚད་ཀྱི་ནད་གཞི་བསྐྱར་ལོག་བྱུང་ནས་ཉེན་ཁར་གྱར་བའི་རྒད་པོ་ཞིག་འཕྲད་པ་དང་། ཁོང་གིས་འཕྲལ་མར་ཉན་བརྟག་གི་སྦུ་གུ་རྒད་པོའི་མིད་པའི་ནང་བརྒྱུས་ནས་ལུད་པ་ཁམ་རེ་རེ་བྱས་ནས་འཐེན་གནང་བ་དང་། དེ་རྗེས་སྔོན་མ་དཔུང་སྡེའི་ནང་དམག་མི་བྱེད་སྐབས་སྦྱངས་པའི་སྨན་རྩལ་ལ་བརྟེན་ཏེ་རྒད་པོར་ཁབ་བརྒྱབ་པ་དང་སྨན་སྤྲད་ནས་དྲག་སྐྱེད་མ་བྱུང་བའི་བར་སྨན་བཅོས་བྱས།

    ཁུང་ཧྥན་སེན་གྱིས་མངའ་རིས་རུ་ཐོག་རྫོང་དུ་བོད་རིགས་ཀྱི་མི་ཧྲེང་རྒན་རྒོན་ལ་འཚམས་འདྲི་གནང་བ། (དཔྱད་གཞིའི་འདྲ་པར)

    ཁོང་གིས་མི་ག་ཚོད་ལ་རོགས་རམ་བྱས་མྱོང་བ་མི་ཤེས་མོད། འོན་ཀྱང་ཁུང་ཧྥན་སེན་རྒྱུས་མངའ་ཡོད་པའི་ལས་རོགས་ཤིག་གིས་ཁུང་ཧྥན་སེན་གྱིས་ཞིང་འབྲོག་ཁུལ་གྱི་མི་སེར་ལ་སེར་སྣ་མེད་པར་གང་དགོས་སྤྲོད་གནང་བ་དང་། བོད་དུ་ཕྱག་ལས་གནང་རིང་ཁོང་གིས་ཁྱིམ་མིར་ཧ་ལམ་དངུལ་བསྐུར་མྱོང་མེད་པ་དང་རང་ཉིད་ཀྱི་གླ་ཕོགས་ཕལ་ཆེ་བ་དཀའ་ངལ་ཡོད་པའི་བོད་རིགས་མང་ཚོགས་ལ་གཏོང་གནང་གི་ཡོད་པ་ད་དུང་ཡང་དྲན་བཞིན་ཡོད།

    ས་གནས་ཀྱི་དབུལ་ཕོངས་དང་རྗེས་ལུས་ཀྱི་རྣམ་པར་དངོས་འབྲེལ་འགྱུར་ལྡོག་གཏོང་ཆེད། ཁུང་ཧྥན་སེན་གྱིས་ཀྲུང་དབྱང་གི་དགོངས་དོན་སློང་སྦྱོང་ནན་ཏན་ཞུས་ནས། ཕྱི་རྒྱལ་གྱི་ས་མཐོའི་ས་ཁུལ་གསར་སྤེལ་གྱི་ཉམས་མྱོང་དང་དེ་བཞིན་ཞིང་ཆེན་དང་གྲོང་ཁྱེར་གཞན་དག་གི་དེང་རབས་ཅན་གྱི་འཛུགས་སྐྲུན་ཉམས་མྱོང་དང་རང་ཉིད་ཀྱི་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་གཉིས་ཟུང་འབྲེལ་བྱས་ནས་མངའ་རིས་ས་ཁུལ་འཕེལ་རྒྱས་གཏོང་བའི་འཆར་གཞི་བཀོད་ཅིང་། དེའི་ནང་ས་གནས་ཀྱི་མཐའ་མཚམས་ཚོང་དོན་ཁྲོམ་ར་འཁྲུག་ཏུ་ཧུར་ཐག་གཏོང་རྒྱུ་ཚུད་ཡོད།

    1994ལོའི་ཟླ་11ཚེས་29ཉིན་ཁུང་ཧྥན་སེན་ཤིན་ཅང་ཐ་ཁྲེང་གི་མཐའ་མཚམས་ཚོང་དོན་གྱི་བྱ་བར་རྟོག་ཞིབ་གནང་བར་ཕེབས་སྐབས་ལམ་བར་དུ་རླངས་འཁོར་གྱི་ལས་འཛོལ་བྱུང་ནས་སྟབས་མ་ལེགས་པར་སྐུ་གཤེགས་པ་དང་དེ་དུས་དགུང་ལོ་50ལ་ཕེབས་ཀྱི་ཡོད། ཁོང་གི་ལུས་ལ་ཅ་དངོས་གཉིས་ལས་མེད་པ་དང་དེའི་ཁྲོད་ཀྱི་གཅིག་ནི་ཁོང་མ་གྲོངས་གོང་གི་ཉིན་4པར་མངའ་རིས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་གྲོས་འགོ་12བྲིས་གནང་བ་དེ་རེད།

    ཁོང་གིས་ཚེ་སྲོག་ལ་བརྟེན་ནས་རང་ཉིད་ཀྱིས་རྒྱུན་དུ་གསུངས་པའི་བཀའ་མོལ་དེ་ལག་ལེན་དུ་བསྟར་གནང་བ་སྟེ། “མི་ཞིག་གིས་དགའ་པོ་བྱེད་པའི་གོ་རྟོགས་མཐོ་ཤོས་ནི་གཞན་ལ་དགའ་པོ་བྱ་རྒྱུ་དེ་ཡིན་པ་དང་། གུང་ཁྲན་ཏང་མི་ཞིག་གིས་དགའ་པོ་བྱེད་པའི་གོ་རྟོགས་མཐོ་ཤོས་ནི་མི་དམངས་ལ་དགའ་པོ་བྱ་རྒྱུ་དེ་ཡིན”

    ས་ཆ་དེ་གའི་མང་ཚོགས་ཀྱིས་མངའ་རིས་སེང་གེ་ཁ་འབབ་ཀྱི་སྔོནགཤེགས་དཔའ་བོའི་བང་སོར་ཁུང་ཧྥན་སེན་ལ་མཆོད་འབུལ་བྱེད་པ། (ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ། རྗང་ཤན་བིང་གིས་པར་བླངས)

    ཁུང་ཧྥན་སེན་སྐུ་གཤེགས་ནས་ལོ་20ལྷག་སོང་ཡང་དེ་གའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཁོང་སྔར་བཞིན་བརྗེད་མེད། ཁུང་ཧྥན་སེན་སློབ་ཆུང་གི་སློབ་སྤྱི་གཞོན་པ་བྱམས་པ་ཚེ་རིང་གིས“ཁོང་གི་གཏམ་རྒྱུད་གཞས་ཚིག་ཏུ་བརྩམས་ནས་རྒྱ་སྐད་མི་ཤེས་པའི་བོད་རིགས་མི་སེར་མང་པོས་ལེན་བཞིན་ཡོད”ཅེས་བཤད།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001310000059