བོད་ལྗོངས།
ཇ་ལོའི་དྲི་ཞིམ་ཕྱོགས་བཞིར་འཐུལ། རྒྱ་བོད་བརྩེ་སེམས་མཚོ་ལས་ཟབ།

    —— ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཇ་རྟའི་ཚོང་ལམ་གྱི་དྲན་འཆར།

    ཤིན་ཧྭ་གསར་འགྱུར་ཁང་ནས། ཞོགས་པའི་ཉི་གཞོན་ཤར་ཕྱོགས་རི་བོའི་རྩེ་ནས་འཆར་ཏེ་ས་གཞི་ཆེན་པོར་རིམ་གྱིས་འཕྲོས། འཛམ་གླིང་གི་ཡང་རྩེར་གནས་པའི་བོད་རིགས་རྣམས་རང་ཁྱིམ་དུ་ཇ་སྲུབས་མ་འཐུང་བཞིན་ཉིན་མོ་གསར་རྐྱང་ཞིག་བསུ་བར་སྟ་གོན་བྱེད།

    བོད་ལྗོངས་ཡིད་འོང་ཇ་ལོ་ར་བ། (ཟླ་4ཚེས་1ཉིན་པར་བླངས། མི་མེད་གནམ་གྲུའི་འདྲ་པར) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

    ཁྲོམ་གཞུང་ཆེ་ཆུང་གང་སར་མཐོང་རྒྱུ་ཡོད་པའི་ཇ་ཁང་ངམ་ཡང་ན“ཉིན་གསུམ་ལྟོགས་པར་སྡོད་དགོས་ཀྱང་། ཉིན་གཅིག་ཇ་ཧུབ་གང་འཐུང་རྒྱུ་མེད་ན་གསོན་ཐབས་མེད་པའི”ངག་རྒྱུན། དེ་བཞིན་མགྲོན་པོར་སྣེ་ལེན་ཞུ་སྐབས་མེད་དུ་མི་རུང་བའི་ཇ་སྲུབས་མ་ལ་སོགས་ལས། ས་མཐོའི་མི་དམངས་ཀྱི་འཚོ་བའི་ཁྲོད་དུ་ཇ་ཡིས་གནས་བབ་ཧ་ཅང་གལ་ཆེན་པོ་བཟུང་བ་རང་བཞིན་གྱིས་ཤེས་ཐུབ།

    ཇ་ལོར་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པ།

    ས་རུབ་ཁར་བོད་ཤར་རྒྱུད་ཀྱི་ཆབ་མདོ་གྲོང་ཁྱེར་ཇ་རྟའི་ཐང་ཆེན་དུ་གློག་འོད་ཆེམ་ཆེམ་དུ་འཕྲོ་བ་དང་། ཡིད་དབང་རབ་ཏུ་འཕྲོག་པའི་བོད་གཞས་ཀྱི་དབྱངས་ཀྱི་འགྱུར་ཁུག་སྙན་མོ་རི་གྲོང་གི་དབུས་སུ་གྲགས། ལོ་རྒྱུས་ཐོག་སི་ཁྲོན་དང་ཡུན་ནན་སོགས་ཀྱི་ཇ་ལོ་ཇ་རྟའི་ཚོང་ལམ་བརྒྱུད་བོད་ལྗོངས་སུ་རྒྱུན་མི་ཆད་པར་དབོར་གྱི་ཡོད། ཆབ་མདོ་ནི་ཇ་རྟའི་ཚོང་ལམ་གྱི་ཡུན་བོད་ལམ་དང་ཁྲོན་བོད་ལམ་གྱི་ལམ་མདོར་ཆགས་ཡོད།

    བོད་ལྗོངས་ཡིད་འོང་ཇ་ལོ་ར་བ། (ཟླ་5ཚེས་22ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    ཇ་ལོ་བོད་དུ་དར་བའི་ལོ་རྒྱུས་ཡུན་རིང་ལྡན་ཞིང་། མངའ་རིས་ས་ཁུལ་སྒར་རྫོང་གི་གུ་རུ་གྱམ་གནའ་ཤུལ་ནས་ལོ་ངོ་1800ཡི་གོང་རོལ་གྱི་ནང་ས་ནས་དབོར་འདྲེན་བྱས་པའི་ཇ་ལོ་སོགས་ཀྱི་དངོས་རྫས་གསར་རྙེད་ཐུབ་ཡོད། བོད་དུའང་འུན་ཤིང་ཀོང་ཇོས་ཇ་ལོ་བསྣམས་ནས་བོད་དུ་ཕེབས་པ་དང་དེ་བཞིན་བྱ་ཡི་ཁ་རུ་འཁྱེར་བའི་ཇ་ལོས་བཙན་པོའི་སྙུང་གཞི་དྭངས་པ་ལ་སོགས་ཀྱི་ཤོད་སྲོལ་སྣ་ཚོགས་ཡོད།

    ཆིང་རྒྱལ་རབས་སུ་བོད་དུ་ཇ་ལོ་མཁོ་སྤྲོད་བྱེད་འགོ་ཚུགས་ནས་རྒྱ་བོད་ཚོང་དོན་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ཐུབ་ཡོད། མི་སེར་རྒྱལ་ཁབ་སྐབས་སུ་ཁམས་བོད་ཇ་ལོ་ཀུང་སི་བཙུགས་པ་དང་། ཀྲུང་གོ་གསར་པ་དབུ་མ་བརྙེས་གོང་ལོ་ལྟར་བོད་དུ་ཇ་བག་ཆུང་ཁྲི་30ལྷག་ཙམ་དབོར་གྱི་ཡོད།

    འོན་ཏེ་ཇ་ལོ་བོད་དུ་འདྲེན་པ་དེ་ནི་ལས་སླ་པོ་ཞིག་གཏན་ནས་མིན།

    ཡར་ཀླུང་གཙང་པོའི་དཀྱོགས་མཚམས་སུ་གནས་པའི་བོད་ལྗོངས་མེ་ཏོག་རྫོང་སྒོར་སྒོར་ཐང་ཇ་ལོ་ར་བ། (2020ལོའི་ཟླ་8ཚེས་31ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།

    2002ལོའི་ཟླ་བཞི་པར་གསར་འགོད་པས་ཡུན་ནན་ལི་ཅང་ནས་ལོ་76ལ་སླེབས་པའི་ཤོན་ཧྲའོ་ཝུའུ་འཕྲད་བྱུང་། སྐབས་དེ་དུས་ཇ་རྟའི་ཚོང་ལམ་ཧྲིལ་པོ་བརྒྱུད་མྱོང་བའི་བགྲེས་སོང་ཁོང་གིས“ང་ནི་རི་འགོག་དམག་འཁྲུག་གི་དཀའ་ཚེགས་ཆེ་ཤོས་ཀྱི་ལོ་ཟླར་ཇ་རྟའི་ཚོང་ལམ་དུ་བསྐྱོད་པ་ཡིན། དེ་དུས་ང་ལོ་16ཡིན། སྐབས་དེ་དུས་ངའི་སྣང་བར་འཛམ་གླིང་དུ་འདི་ལས་དཀའ་ཚེགས་ཆེ་བའི་ལམ་ཞིག་ཡོད་སྲིད་ཀྱི་མ་རེད་སྙམ་བྱུང་། དེའི་སྐབས་སུ་ཉིན་ལྟར་ལི་ཅང་གི་ཏ་ཡན་གྲོང་རྡལ་ནས་འགྲོ་འོང་བྱེད་མཁན་རྟ་དྲེལ་300ལྷག་ཙམ་འདུག ངས་འབྲེང་ཐག་ཟམ་པ་ནས་རྟ་པའི་གྲོད་ཁོག་འཁྲི་ཤིང་གིས་བཤགས་ནས་ནང་འཁྲོལ་དོན་པའི་འཇིགས་སུ་རུང་བའི་རྣམ་པ་དངོས་སུ་མཐོང་མྱོང་ཡོད”ཅེས་བརྗོད་བྱུང་།

    སི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་ཐན་ཆོན་རྫོང་ཞའོ་ཧོ་གྲོང་རྡལ་ཧུང་ཤིང་གྲོང་ཚོའི་ཀན་ཤིས་རི་ལྡེབས་ནི་ཇ་ཁུར་ནས་བོད་དུ་སྐྱོད་སའི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་རེད།

    ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་གཞོན་པ་ཐན་མའོ་དབང་གིས“ཇ་རྟའི་ཚོང་ལམ་ནི་ལོ་རྒྱུས་ཐོག་གི་རྒྱ་བོད་དབར་སྤེལ་རེས་དང་མཉམ་འདྲེས་ཀྱི་ལམ་བུ་གལ་ཆེན་ཞིག་ཡིན་ལ། རྒྱ་བོད་མི་རིགས་མཐུན་སྒྲིལ་གྱི་སྦྲེལ་ཟམ་དང་མཚོན་བྱེད་ཅིག་ཡིན”ཞེས་གསུངས་པ་དང་། རྒྱ་གར་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་རྗེས་གཞི་ཁྱོན་ཆེན་པོས་ཇ་ལོ་བཏབ་སྟེ་བོད་དུ་འཚོང་བའི་རེ་ངན་བཅངས་སྟབས་ཆིང་རྒྱལ་རབས་ཀྲུང་དབྱང་སྲིད་གཞུང་གིས་འཐབ་རྩོད་དྲག་པོ་བྱས་ཏེ་ནང་སའི་ཇ་ལོ་འཕྲལ་མར་བོད་དུ་ཕྱིར་ཚོང་བྱས་པ་རེད།

    བོད་ལྗོངས་ཡིད་འོང་ཇ་ལོ་ར་བའི་བཟོ་པས་ཇ་ལོ་འཐུ་བ། (ཟླ་5ཚེས་22ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    ཇ་ལོ་རེ་རེས་སེམས་ཀྱི་གདུང་བ་འདྲེན།

      བོད་ལྗོངས་སྤོ་བོ་རྫོང་ཡིད་འོང་ཤང་དགོན་གྲོང་གྲོང་ཚོའི་གསེར་ཇ་སྡོང་ཕྲུག་ར་བའི་ནང་། བོད་ལྗོངས་གསེར་ཇ་སྡོང་པོ་ཇ་ལོ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཀྲང་ཡན་ལིས(གཡས་ཀྱི་གཉིས་པ)གྲོང་མིར་ཇའི་སྡོང་པོའི་དོ་དམ་ལག་རྩལ་ངོ་སྤྲོད་བྱེད་པ། (ཟླ་5ཚེས་23ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    ཞོགས་སྔ་པོར་བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཇ་བསྲུའི་འཕྲུལ་ཆས་ཀྱི་སྐད་སྒྲ་དང་བསྟུན་ནས་ཇ་ཡི་དྲི་ཞིམ་སྣ་བའི་བུ་གར་ལྷང་ལྷང་དུ་འཐུལ་འོངས་།

    “སྔོན་ཆད་ཤིང་གི་ཇ་མདོང་སྤྱོད་པ་དང་། ཇ་སྲུབ་སྐབས་རྒྱ་ལོས་བསྲུབས་དགོས་པས་ངལ་བ་ཆེ་ཙམ་ཡོད”ཅེས་ལོ་81ལ་སླེབས་པའི་བགྲེས་སོང་ཆོས་རྣམ་གྱིས་རྟག་ཏུ་ནང་མིས་བཏེགས་པའི་ཇ་འཐུང་ཞོར་དུ་ཚོར་སྣང་ཟབ་མོ་ཡོང་གི་ཡོད།

    སྤྱི་ཚོགས་རྙིང་པར་ཆོས་རྣམ་ནི་ཞིང་བྲན་ཞིག་ཡིན། ཁོང་གི་ཕྱིར་དྲན་བྱས་པ་ལྟར་ན་ཞིང་བྲན་ལ་ཇ་སྲུབས་མ་འཐུང་རྒྱུ་ལྟ་ཅི། ཐ་ན་ཇ་དྭངས་ཀྱང་འབེལ་འབེལ་ལྷུག་ལྷུག་འཐུང་རྒྱུ་མེད། ཇ་བག་ཆུང་ལྡིར་རྗེས་། ཉི་མར་བསྲོས་ནས་སླར་ཡང་བསྐོལ་གྱི་ཡོད། དེ་ལྟར་ཐེངས་གསུམ་བཞི་ཙམ་བསྐྱར་ཟློས་བྱེད་ཀྱི་ཡོད་ཅེས་བརྗོད།

    ཇ་འབེལ་འབེལ་ལྷུག་ལྷུག་འཐུང་རྒྱུ་བྱུང་བའི་དུས་ནི་བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་རེད།

    བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་ཏང་དང་རྒྱལ་ཁབ་ཀྱིས་ཇ་བག་ཆུང་ཐོན་སྐྱེད་དང་མཁོ་སྤྲོད་ལ་མཐོང་ཧ་ཅང་ཆེན་པོ་གནང་སྟེ། སི་ཁྲོན་གཡག་རྔ་དང་ཡུན་ནན་ཤ་ཀོན་སོགས་སུ་ཆེད་མངགས་ཐོན་སྐྱེད་བཟོ་གྲྭ་བཙུགས་ནས། ལོ་ལྟར་བོད་དུ་ཇ་བག་ཆུང་སི་ར་ཁྲི་10ནས་ཁྲི་14བར་གཏོང་གི་ཡོད།

      བོད་ལྗོངས་ཡིད་འོང་ཇ་ལོ་ར་བའི་ལས་སྣོན་འཁོར་ཁང་གི་བཟོ་པས་ཇ་ལོར་གཙང་སེལ་བྱེད་པ། (ཟླ་5ཚེས་22ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    ལྷ་སའི་སྟོད་ལུང་བདེ་ཆེན་ཆུས་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ལྟེ་གནས་སུ་བགྲེས་སོང་ཞིག་གིས་ཧྥུའུ་དམའ་བའི“བདེ་ཐང་ཇ”ལས་བཟོས་པའི་ཇ་བསྲུབས་མ་འཐུང་བ། (ཟླ་4ཚེས་27ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་རུའེ་པོའོ་ཡིས་པར་བླངས།

    བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་ཁྲོམ་ར་གཉེར་སྐྱོང་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ལི་མེ་ཡིས། བོད་ཀྱི་མང་ཚོགས་ཚོར་གོང་ཁེའི་ཇ་འཐུང་ཆེད། རྒྱལ་ཁབ་ཀྱིས་གཟིགས་སྐྱོང་སྲིད་ཇུས་མང་པོ་གཏན་འབེབས་གནང་ཡོད་ཅེས་བཤད།

    1965ལོར་རྒྱལ་ཁབ་ཀྱིས་ཇ་བག་ཆུང་གི་རིན་གོང་ལེགས་སྒྲིག་བྱས་པ་དང་། 1959ལོ་དང་བསྡུར་ན་རིན་གོང་50%ཙམ་ཆག་ཡོད། 1988ལོར་ནང་ས་ནས་བོད་དུ་དབོར་བའི་ཇ་བག་ཆུང་གི་རིན་གོང་སྤར་ནའང་བོད་དུ་ནམ་རྒྱུན་གྱི་རིན་གོང་བཞིན་བཙོངས་པ་དང་། གྱོང་གུན་ཚང་མ་ནོར་སྲིད་ནས་ཁ་གསབ་བྱས་ཡོད།

    གཡག་རྔའི་ཇ་བཟོ་གྲྭར་རྩ་ཆེའི་ཇ་ལོའི་སྣེ་ཁ་ད་བར་ཉར་ཚགས་ཡག་པོ་བྱས་ཡོད། 1985ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་20འཁོར་བའི་སྐབས་སུ་ཀྲུང་དབྱང་གིས་གཡག་རྔའི་ཇ་བཟོ་གྲྭ་ནས“མི་རིགས་མཐུན་སྒྲིལ”རྟགས་ཅན་གྱི་ཇ་ལོ་ཏུན་ཁྲི་40ལྷག་ཙམ་ཉོས་ནས། བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་དུད་ཚང་ཚང་མར་ཕྱག་རྟགས་སུ་བསྩལ་བ་རེད། 2015ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་50འཁོར་བའི་དུས་སུ་ཀྲུང་དབྱང་སྐུ་ཚབ་ཚོགས་པས་བསྩལ་བའི་ཇ་བསྲུའི་འཕྲུལ་ཆས་དང་དེ་བཞིན་སྤུས་ལེགས་ཀྱི་ཇ་དཀར་ལ་ཞིང་འབྲོག་མང་ཚོགས་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།

     ཇ་ལོ་སྣ་མང་གངས་ལྗོངས་སུ་སྐྱེ་འཚར་བྱུང་།

     བོད་ལྗོངས་ཡིད་འོང་ཇ་ལོ་ར་བའི་བཟོ་པས་ཇ་ལོ་འཐུ་བ། (ཟླ་5ཚེས་22ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    བོད་ལྗོངས་ཡིད་འོང་ཇ་ལོ་ར་བའི་བཟོ་པས་ཇ་བག་ཆུང་བཟོ་བ། (ཟླ་4ཚེས་1ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

    ལྷ་ས་གྲོང་ཁྱེར་པེ་ཅིང་ལམ་དུ་ཡོད་པའི་གངས་ཅན་ཇ་ལོ་མ་རྐང་ཚད་ཡོད་ཀུང་སིའི་ཚོང་ཁང་དུ་བཟོ་ལྟ་དམིགས་བསལ་ཡིན་ལ་ཐུམ་སྒྲིལ་རྣམ་ཀུན་དང་མི་འདྲ་བའི་ཇ་ལོའི་ཐོན་རྫས་མང་པོས་འཛད་སྤྱོད་པའི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག

    ཚོང་ཁང་དེའི་ཉེ་འགྲམ་དུ་ཆགས་པའི་བོད་ལྗོངས་བདེ་ཐང་ཇ་ལོའི་འགྲེམས་སྟོན་ལྟེ་གནས་སུ། ཧི་མ་ལ་ཡའི་ཇ་ལོ་དང་། བོད་ཁུལ་གྱི་ཇ་ལོ། མེ་ཏོག་གི་ཇ་ལོ་སོགས་བོད་རང་ནས་ཐོན་སྐྱེད་བྱས་པའི་སྣེ་མང་ཕུན་སུམ་ཚོགས་པའི་ཇ་ལོ་མང་པོ་འདུག བོད་ལྗོངས་ཇ་ལོའི་རིག་གནས་མཐུན་ཚོགས་ཀྱི་ཚོགས་གཙོ་ཀུའུ་ཅ་ཧུང་གིས། བོད་དུ་ཇ་ལོ་ཐོན་སྐྱེད་མི་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ་བ་མ་ཟད། ད་ཆ་བོད་དུ་ཐོན་སྐྱེད་བྱས་པའི་ཇ་ལོ་ལྗོངས་ཕྱི་ནང་དུ་ཕྱིར་འཚོང་བྱེད་བཞིན་ཡོད་ཅེས་བཤད།

    1963ལོར་བོད་དུ་ཇ་ཞིང་དང་པོ་བསྐྲུན་པ་ནས་བཟུང་། བགྲང་བྱ་50ལྷག་ཙམ་གྱི་འཕེལ་རྒྱས་བརྒྱུད་ཡིད་འོང་ཇ་ར་ནི་བོད་ཀྱི་ཇ་ར་ཆེ་ཤོས་ཡིན། ཡིད་འོང་ཇ་རའི་ཁྲང་ཀྲང་གཞོན་པ་ཚའེ་ཁྲེང་གིས། ཐོག་མར་ཇ་རའི་མུའུ་50སར་ཇ་ཤིང་ཚོད་འདེབས་བྱས་པ་དང་། ཇ་བག་ཆུང་མ་གཏོགས་ཐོན་སྐྱེད་བྱེད་ཀྱི་མེད། དུས་རབས་20པའི་ལོ་རབས་90པ་ནས་བཟུང་ཇ་བག་ཆུང་དང་ཇ་ལྗང་གཞི་ཁྱོན་ཆེན་པོས་ཐོན་སྐྱེད་བྱེད་འགོ་ཚུགས། ཉེ་བའི་ལོ་གཉིས་རིང་རྒྱལ་ཡོངས་རང་བཞིན་གྱི་དྲ་ཐོག་ཚོང་དོན་ལས་སྟེགས་སུ་དྲ་ཐོག་ཚོང་ཁང་བཙུགས་པས། དྲ་ཐོག་བྲིན་ཚོང་གིས་བྲིན་ཚོང་དངུལ་འབོར་གྱི་20%ཡན་བཟུང་གི་ཡོད།

     ལྷ་སར་གནས་པའི་ཇ་ལོའི་ཀུང་སི་ཞིག་གི་ཚོང་ཁང་ནང་བཟོ་དབྱིབས་འདྲ་མིན་སྣ་ཚོགས་ཀྱི་ཇ་ལོའི་བཟོས་རྫས་སྒྲིག་པ། (ཟླ་4ཚེས་23ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་ཅིང་བིང་གིས་པར་བླངས།

    བོད་ལྗོངས་ཡིད་འོང་ཇ་ལོ་ར་བའི་ལས་དོན་མི་སྣས་ཐོན་སྐྱེད་བྱས་མ་ཐག་པའི་ཁྱད་ལྡན་ཇ་བག་ཆུང་སྟོན་པ། (ཟླ་5ཚེས་22ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    ཉེ་བའི་ལོ་ཤས་རིང་ཡིད་འོང་ཇ་རར་འཕེལ་རྒྱས་ཀྱི་རྫོགས་ལྡན་དུས་ཚིགས་འཆར་ཞིང་། ཀོང་ཏུང་བོད་སྐྱོར་ལས་དོན་རུ་ཁག་གིས་ཆེད་མངགས་ཐོན་ཚོང་གཞི་གཅིག་ཅན་གྱི་ཚོགས་པ་བཙུགས་པ་དང་། བོད་སྐྱོར་ལག་རྩལ་མི་སྣས་ཇ་རར་ཇ་འདེབས་ཞིང་པར་ཚན་རིག་དང་མཐུན་པའི་ཇ་ལོ་འདེབས་སྟངས་བསླབས་པས། ཇ་རའི་ཇ་ལོ་ཕྲ་མོ་དང་ཇ་བག་ཆུང་གི་ཐོན་འབོར་2018ལོའི་རྒྱ་མ་5700དང་རྒྱ་མ་ཁྲི་6ནས་2020ལོའི་རྒྱ་མ་ཁྲི་2.1དང་ཁྲི་15བར་སོ་སོར་འཕར་ཡོད། ད་ཆ་ཇ་རའི་ཇ་ལོའི་སྣེ་ཁ་རིགས་ཆེ་བ་གསུམ་དང་ཆུང་བ་26བར་མང་དུ་ཕྱིན་ཡོད། ཇ་ར་ནས་ཐོན་སྐྱེད་བྱས་པའི་སྤྲིན་སྨུག་ཇ་ལོར་རྒྱལ་ཡོངས་ཀྱི་ཇ་ལོའི་སྟོན་ཚོགས་ལ་གསེར་གྱི་རྟགས་མ་ཐོབ་པ་རེད།

    བོད་ལྗོངས་སྤོ་བོ་རྫོང་ཡིད་འོང་ཤང་དགོན་གྲོང་གྲོང་ཚོའི་གསེར་ཇ་སྡོང་ཕྲུག་ར་བའི་ནང་། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བརྩོན་འགྲུས(གཡོན)དང་བོད་ལྗོངས་གསེར་ཇ་སྡོང་པོ་ཇ་ལོ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཀྲང་ཡན་ལིས(གཡས)ཇའི་སྡོང་པོར་ལྟ་རྟོག་བྱེད་པ། (ཟླ་5ཚེས་23ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    2019ལོར་ཡུན་ནན་དུ་ཇ་ལོ་བཏབ་ནས་ལོ་ངོ་30ཙམ་ཟིན་པའི་དམངས་གཉེར་ཁེ་ལས་མཁས་ཅན་ཀྲང་ཡན་ལི་ཡིས་ཕུགས་ལ་བསམ་བཞིན་གདོད་མའི་ནགས་ཚལ་དབུས་ཀྱི་བོད་ལྗོངས་སྤོ་བོ་རྫོང་དུ་ཤིས་ཧྲོང་པན་ནཱའི་ཇའི་ཤིང་སྡོང་ཁྲི་15སྤོ་འཛུགས་བྱས་པ་དང་། དེ་བཞིན་བོད་རང་དུ་སྐྱེ་བའི་ཇ་ཤིང་བཏབ་པས། བོད་ཀྱི་ཇ་ར་མུའུ་2600ལྷག་ཙམ་བར་རྒྱ་ཆེར་ཕྱིན་ཡོད།

    ལྷ་སའི་ཇ་ཁང་ཞིག་ཏུ་གྲོང་མིས་ཇ་འཐུང་བཞིན་ཅི་འཕྲོས་མོལ་འཕྲོས་བྱེད་པ། (ཟླ་6ཚེས་5ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་རུའེ་པོའོ་ཡིས་པར་བླངས།

    བོད་ཀྱི་ཇ་ལོའི་འཛད་སྤྱོད་གྲུབ་ཆའང་རིམ་བཞིན་འགྱུར་ལྡོག་བྱུང་ཡོད། བོད་ལྗོངས་ཚོང་དོན་ཐིང་གི་གྲངས་གཞི་ལས་མངོན་གསལ། དེ་སྔའི་ཇ་བག་ཆུང་གིས་བོད་ཀྱི་ཇ་ལོའི་འཛད་སྤྱོད་ཀྱི་98%ཡན་བཟུང་བ་དང་། 2000ལོའི་རྗེས་ནས་ཇ་པ་ཏི་དང་། ཇ་ལྗང་། རྒྱ་ཇ་སོགས་རིམ་བཞིན་དར་ནས་རང་སྐྱོང་ལྗོངས་ཇ་ལོ་ཕྱིར་ཚོང་གི་15%ཡན་བཟུང་ཡོད། ཐེ་ཀོན་དབྱིང་དང་། ཏཱ་ཧུང་ཕའོ། ཡུན་ནན་ཕུར་ཇ་སོགས་གྲགས་ཅན་ཇ་ལོ་ས་མཐོའི་ཁྲོམ་རར་རིམ་བཞིན་དར་འགོ་ཚུགས་ཡོད།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001310002256