བོད་ལྗོངས།
ཤིང་འབྲས་དང་སྔོ་ཚལ་སྣ་ཚོགས་ས་མཐོའི་མི་དམངས་ཀྱི་གསོལ་ལྕོག་ཐོག་མཐོང་རྒྱུ་ཡོད་པ།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། ས་མཐོར་སྔོ་ཚལ་འདེབས་ཁྱོན་ཆེ་རུ་དང་གནོད་མེད་བཟའ་བཏུང་གི་འདུ་ཤེས་ཁྱབ་གདལ་བཏང་བ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་འགོ་དང་བསྡུར་ན་2020ལོར་བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་འབྲུ་རིགས་འཛད་སྤྱོད་བྱེད་ཚད་སྤྱི་རྒྱ་126ཉུང་དུ་ཕྱིན་པ་དང་མི་རེའི་ཆ་སྙོམས་སྔོ་ཚལ་འཛད་སྤྱོད་བྱེད་ཚད་སྤྱི་རྒྱ་23མང་དུ་ཕྱིན་ནས་བོད་ཀྱི་མང་ཚོགས་ཀྱི་བཟའ་བཅའི་འཛད་སྤྱོད་དེ་བཟའ་བཅའ་གཙོ་བོའི་རྣམ་པ་ནས་ཞོར་ཟས་རྣམ་པར་གྱུར་ཏེ། ས་མཐོའི་མི་དམངས་ཀྱི་བཟའ་བཏུང་གྲུབ་ཆ་སྔར་བས་སྣ་མང་དང་བདེ་ཐང་དུ་གྱུར་ཡོད།

    བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70ཡི་རིང་ཏང་དང་སྲིད་གཞུང་གིས“ཤ་ཚལ་སྒོང་གསུམ”གྱི་འདུ་འགོད་དེ་དམངས་འཚོ་ལེགས་སུ་གཏོང་བའི་ལས་དོན་གལ་ཆེན་ཞིག་ལ་བརྩིས་ནས་གྲོང་ཁྱེར་དང་ས་ཁུལ་ཁག་གིས་སྒྲིག་བཀོད་སྔོ་ཚལ་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་བརྒྱུད། གནམ་གཤིས་སོགས་རྒྱུ་རྐྱེན་གྱིས་སྔོ་ཚལ་ཐོན་སྐྱེད་ལ་ཚོད་འཛིན་ཕོག་པའི་གནད་དོན་ཐག་གཅོད་ཐུབ་ནས་སྔོ་ཚལ་གྱི་ཐོན་ནུས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། 2020ལོར་བོད་ཀྱི་སྔོ་ཚལ་འདེབས་ཁྱོན་སྤྱི་ཆིང་སྟོང་25.82ཟིན་ནས་ལོའི་ཐོན་ཚད་ཏུན་ཁྲི་84.34ཟིན་པ་དང་། བོད་ཀྱི་མི་འབོར་ཀྱི་གྲངས་གཞི་གསར་ཤོས་ཏེ་མི་ཁྲི་364.81ལ་གཞིགས་ནས་རྩིས་བརྒྱབ་ན་ས་གནས་དེ་གའི་སྔོ་ཚལ་མི་རེར་དབང་ཚད་ཆ་སྙོམས་སྤྱི་རྒྱ་230ལྷག་ཙམ་ཟིན་གྱི་ཡོད།

    ལྷ་སའི་གྲོང་མི་བློ་བཟང་ཞོགས་པ་སྔ་པོ་ནས་ལྷ་ས་བརྒྱད་གཅིག་ཞིང་ལས་ཐོན་རྫས་ཁྲོམ་རར་ཚལ་ཉོ་བར་ཡོང་།

    “དེ་སྔ་རྩམ་པ་ནི་ཉིན་རེའི་ལྟོ་དུས་གསུམ་གྱི་བཟའ་བཅའ་གཙོ་བོ་དེ་ཡིན། ད་ཆ་ཞོགས་ཟས་རྩམ་པ་ཟ་བ་དང་ཉིན་དགུང་དང་དགོང་མོ་སྤྱིར་ན་ཚལ་དང་འབྲས་ཟ་ཡི་ཡོད། དེ་སྔ་སྔོ་ཚལ་བཟའ་འདོད་ཡོད་ཀྱང་ཟ་རྒྱུ་མེད། ད་ཆ་སྔོ་ཚལ་དང་ཤིང་འབྲས་སྣ་ཚོགས་ཉོ་ཐུབ་ཀྱི་འདུག”ཅེས་བློ་བཟང་གིས་འཛུམ་དམུལ་དམུལ་ངང་བཤད།

    འདམ་གཞུང་རྫོང་སྙིང་དྲུང་ཤང་གི་ཟླ་རྒོད་ནི་བརྒྱད་གཅིག་ཞིང་ལས་ཐོན་རྫས་ཁྲོམ་རའི་ཚོང་དུད་ཡིན་པ་དང་། ཁོང་གི་ཁྲོམ་བཀྱག་སྟེང་ཚགས་ཤ་སོས་པ་སྟོན་ཡོད། ཉེ་འགྲམ་དུ་ཡོད་པའི་ཁྲུང་ཆིང་ནས་ཡིན་པའི་ཤིང་འབྲས་ཚོང་མཁན་ཝུའུ་ཧྥང་ཀྲེན་གྱིས་ཁྲོམ་བཏོན་རྗེས་ཀྱི་ཚོང་དང་པོ་དེ་རྒྱག་འགོ་ཚུགས། དེ་ནི་བོད་རིགས་ཨ་ཅག་ཅིག་གིས་གནམ་གྲུར་དབོར་བའི་ལི་ཀྲི་སོས་པ་ཉོས་པ་དེ་རེད།

    ཁྲོམ་བཀྱག་ཆུང་ཆུང་སྟེང་དུ་ཤིང་འབྲས་སྣ་ཚོགས་ཡོད་པའི་ནང་ཤིང་ཏོག་ངང་ལག་དང་ཀུ་ཤུ་ཡོད་ལ་ལིའུ་ལེན་དང་། པོ་ལུའོ་སྨི་སོགས་ཚ་ཁུལ་གྱི་ཤིང་འབྲས་ཀྱང་ཡོད། ཉོ་མཁན་གྱི་རྒྱུན་ཆད་རྒྱུ་མེད་ཅིང་། མང་ཆེ་བ་ནི་ཚོང་ཤག་ཤ་སྟག་རེད།

    1951ལོའི་ཟླ་5ཚེས་23ཉིན་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་དབར《བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན》བཞག་ནས་བོད་ཞི་བས་བཅིངས་འགྲོལ་བཏང་བ་རེད། ཕྱི་ལོར་ལྷ་སར་བཅའ་སྡོད་མི་དམངས་བཅིངས་འགྲོལ་དམག་གི་འཐབ་འཛིང་པ་ཚོས་གྲོང་ཁྱེར་ནུབ་འདབས་ཀྱི་གྲམ་ཐང་ཞིག་གི་ས་ཆ་མུའུ་2300ལྷག་ཙམ་གསར་སྦོལ་བྱས་ནས་ལས་མི་300ལྷག་ཙམ་ཡོད་པའི“བརྒྱད་གཅིག་ཞིང་ར”བཙུགས་ཏེ། ནས་བཏབ་པ་མ་ཟད་ད་དུང་པད་ཚལ་དང་། ལ་ཕུག ཞོག་ཁོག ཀྲོ་མ་ཀྲུའུ། སུར་པན། ཧོང་ཀྭ ཀུ་ཤུ་སོགས་ཤིང་འབྲས་དང་སྔོ་ཚལ་ཡང་བཏབ་ཡོད།

    དེ་སྔའི་དམག་སྡེ་བཅོ་བརྒྱད་པའི་ཆབ་སྲིད་ཨུ་ཡོན་ཐན་ཀོན་སན་གྱི་བུ་ཐན་རུང་ཧྲེང་གིས། བཅིངས་འགྲོལ་དམག་གིས་སྔོ་ཚལ་བཏབ་པའི་ཐོན་ཚད་དེ་སྐབས་དེ་དུས་བོད་ཀྱི་སྔོ་ཚལ་ཐོན་ཚད་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད། མང་ཚོགས་མང་པོ་ཞིག་གིས་རང་ཉིད་ཀྱི་མིག་ལ་ཡིད་མ་ཆེས་པར་མི་རབས་ནས་མི་རབས་བར་འཚོ་བ་སྐྱེལ་བའི་ས་ཞིང་དེའི་ཐོག་སྔོ་ཚལ་ཡག་པོ་དེ་འདྲ་སྐྱེ་ཐུབ་པ་བསམ་ཡུལ་ལས་འདས་སོང་ཞེས་བཤད།

    ལྷ་ས་གྲོང་ཁྱེར་ས་གཙང་བརྒྱད་གཅིག་ཞིང་ར་ཚད་ཡོད་ཀུང་སིའི་ལྟ་ཞིབ་ལྷན་ཚོགས་ཀྱི་ཀྲུའུ་ཞི་བདེ་སྐྱིད་སྒྲོལ་དཀར་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། བརྒྱད་གཅིག་ཞིང་ལས་ཐོན་རྫས་ཁྲོམ་ར་དེ་བརྒྱད་གཅིག་ཞིང་རའི་ཁོངས་སུ་གཏོགས་ཤིང་། ད་ལྟ་དེ་ནས་སྔར་བཞིན་ཤིང་འབྲས་དང་སྔོ་ཚལ་རྒྱུན་ཆད་མེད་པར་ཐོན་ནས་ལྷ་སའི་གྲོང་མིའི་བཟའ་བཏུང་དོ་སྙོམས་ལ་ལེགས་སྐྱེས་འབུལ་བཞིན་ཡོད།

    ས་མཐོའི་མི་དམངས་ཀྱི་བཟའ་བཏུང་གྲུབ་ཆའི་འགྱུར་ལྡོག་དེ་ལྷ་ས་ནས་མངོན་པ་མ་ཟད། “འཛམ་གླིང་ཡང་རྩེའི་ཡང་རྩེ”ཞེས་སུ་གྲགས་པའི་བོད་ལྗོངས་མངའ་རིས་ས་ཁུལ་དུ་ཡང་ཉེ་བའི་ལོ་ཤས་རིང་སྔོ་ཚལ་ཐོན་སྐྱེད་རྟེན་གཞི་མང་པོ་བསྐྲུན་པར་བརྟེན་ས་གནས་དེ་གའི་མང་ཚོགས“རང་ཁྱིམ་ནས་ཐོན་པའི་སྔོ་ཚལ་སོས་པ”ཟ་ཐུབ་པ་བྱུང་ནས་ཡུལ་དེ་གར་སྔོ་ཚལ་མི་སྐྱེ་བ་དང་ས་ཆ་གཞན་ནས་དབོར་འདྲེན་བྱེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།

    སྒེར་རྩེ་རྫོང་ནི་མངའ་རིས་ས་ཁུལ་གྱི་འབྲོག་ལས་གཙོ་བོར་བྱས་པའི་འབྲོག་ལས་རྐྱང་པའི་རྫོང་ཞིག་རེད། དུས་ཡུན་རིང་པོའི་ནང་སྔོ་ཚལ་དཀོན་པར་བརྟེན་ས་གནས་དེ་གའི་མི་སེར་གྱི་བཟའ་བཏུང་གྲུབ་ཆ་དོ་སྙོམས་མ་བྱུང་བར་སྙིང་དང་ཁྲག་རྩའི་ནད་ཕོག་པའི་ཉེན་ཁ་ཆེ་རུ་ཕྱིན་ཏེ་གཟུགས་པོའི་བྱང་ཚད་དང་བདེ་ཐང་གི་ཆུ་ཚད་ལ་གནོད་འཚེ་བཟོ་ཡི་ཡོད། ད་ཆ་སྒེར་རྩེ་རྫོང་ཐོན་ལས་གླིང་གི་སྔོ་ཚལ་དྲོད་ཁང་ནང་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་ཅིང་། ལོ་33ལ་སླེབས་པའི་དབྱངས་ཅན་ཡང་དེར་ལས་ཀ་བྱེད་བཞིན་ཡོད།

    “དེ་སྔ་ང་ཚོས་སྔོ་ཚལ་ཧ་ལམ་ཟ་ཡི་མེད། ད་ཆ་ང་ཚོས་རང་ཉིད་ཀྱིས་བཏབ་པའི་ཚལ་ཟ་རྒྱུ་བྱུང་ལ་ཟླ་རེར་ད་དུང་ཡོང་འབབ་ཁེ་གཙང་སྒོར་3000ཟིན་གྱི་ཡོད་པས། བློ་བདེ་པོ་དང་སྐྱིད་པོ་འདུག”ཅེས་དབྱངས་ཅན་གྱིས་བཤད།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001310019195