༄༅།། བློ་ བཟང་ རྒྱལ་ མཚན་ སྤུ་ ཧྲེང་ དང་ རྩྭ་ མདའ་ རུ་ བརྟག་ ཞིབ་ གནང་ བར་ ཕེབས་ པ།
 
2013-12-02       གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

    ལྗོངས་ཡོངས་སུ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་དུས་ཀྱི་ཟླ་11ཚེས་27ནས་ཚེས་29ཉིན་བར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་དང་བཅས་པས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་དང་རྩྭ་མདའ་རྫོང་དུ་ཕེབས་ཏེ་འཕེལ་རྒྱས་བརྟན་ལྷིང་དང་། ཡུལ་སྐོར་འཕེལ་རྒྱས། རིག་གནས་སྲུང་སྐྱོབ། དམངས་འཚོ་ལེགས་གཏོང་སོགས་ཀྱི་གནས་ཚུལ་བརྟག་ཞིབ་གནང་ཞིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཁྲེན་ཆོན་གོ་ཡི་ཚབ་ཞུས་ཏེ་གཞི་རིམ་གྱི་ལས་བྱེད་མང་ཚོགས་དང་། དགོན་སྡེ་དང་གྲོང་ཚོར་བཅའ་སྡོད་ལས་བྱེད་པ། མཐའ་སྲུང་དཔོན་དམགདམངས་ཕན་ཞབས་ཞུའི་ས་ཚིགས་ཀྱི་ཉེན་རྟོག་པ། དགོན་སྡེའི་དགེ་འདུན་པ་བཅས་ལ་བྱམས་བརྩེའི་ངང་གཟིགས་པ་དང་འབྲེལ་འཚམས་འདྲི་ཡང་གནང་བ་རེད།

    གྲོང་མི་ཚེ་རིང་རྡོ་རྗེའི་ཁྱིམ་དུ་ཕེབས་ཤིང་། བློ་བཟང་རྒྱལ་མཚན་གྱིས་ཁང་པ་ཚང་མའི་ནང་གཟིགས་པར་ཕེབས་པ་དང་འབྲེལ་ཚེ་རིང་རྡོ་རྗེའི་ནང་མི་ཚོ་དང་རུབ་རུབ་བྱས་ནས་བཞུགས་ཏེ་བྱམས་བརྩེའི་ངང་བཀའ་མོལ་གནང་ཞོར་དུ་ཁོང་ཚོའི་ཁྱིམ་ཚང་གི་འཚོ་བ་དང་གཉེར་སྐྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་ཡུལ་སྐོར་ལས་རིགས་ནི་དུ་མེད་ཐོན་ལས་ཤིག་དང་ལྗང་མདོག་ཐོན་ལས་ཤིག་རེད། དམངས་ཕྱུག་ཐོན་ལས་དེས་འགྲིམ་འགྲུལ་དང་། ཞབས་ཞུ། ཚོང་ལས་སོགས་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཐོན་ལས་འཕེལ་རྒྱས་གཏོང་ཐུབ་པ་མ་ཟད། ད་དུང་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་དེ་བས་ཀྱང་སྐུལ་འདེད་ཤུགས་ཆེན་གཏོང་ཐུབ་ཀྱི་ཡོད། ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་རྒྱུ་དེ་ཀྲུང་དབྱང་གི་འཐབ་ཇུས་དང་རྦད་དེ་མཐུན་ལ་བོད་ཀྱི་དོན་དངོས་དང་རྦད་དེ་མཐུན་པ་ཞིག་ཀྱང་རེད། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱ་རྒྱུའི་དམིགས་ཚད་མངོན་འགྱུར་བྱེད་དགོས་ན་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་གནད་འགག་ཐུག་ས་གཙོ་བོ་ཞིག་རེད་ལ་གལ་འགངས་ཤིན་ཏུ་ཆེན་པོ་ཞིག་ཀྱང་རེད། མངའ་རིས་ས་ཁུལ་གྱི་ཡུལ་སྐོར་ཐོན་ཁུངས་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་དང་། མཛེས་ལྗོངས་ཆ་ཚང་བ། རིག་གནས་གོ་དོན་ཕུན་སུམ་ཚོགས་པ། ལོ་རྒྱུས་ཡུན་རིང་ལྡན་པར་བརྟེན་ཡུལ་སྐོར་དང་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་འཕེལ་རྒྱས་ཀྱི་མདུན་ལམ་དང་མཐོར་གཏོང་གི་བར་མཐོངས་ཆེན་པོ་ཡོད། རིག་གནས་དང་རིག་དངོས་ཀྱི་ཁུལ་ཆེན་ཞིག་ཡིན་པའི་མངའ་རིས་ཀྱིས་ཡུལ་སྐོར་དང་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཐོན་ཁུངས་ལ་དམ་པོར་དམིགས་ཏེ་འཕེལ་རྒྱས་གཏོང་སྟངས་གཏན་འཁེལ་བྱེད་པ། ཡུལ་སྐོར་དང་རིག་གནས་ཀྱི་ཁུལ་སྟོབས་ཆེ་དང་རྫོང་སྟོབས་ཆེའི་འཕེལ་རྒྱས་འཆར་གཞི་ཚན་རིག་དང་མཐུན་པའི་སྒོ་ནས་འགོད་པ། ཡུལ་སྐོར་དང་རིག་གནས་ལ་སྐུལ་འདེད་གཏོང་བའི་མཉམ་སྒུལ་དམངས་ཕྱུག་ཚོད་ལྟའི་ལས་དོན་ལག་བསྟར་ཤུགས་ཆེན་བྱེད་པ། བསམ་བློ་བཅིངས་འགྲོལ་གཏོང་བ་དང་ཀླད་པ་དཀྲུགས་ཏེ་ཡུལ་སྐོར་དང་རིག་གནས་གཉིས་ཀྱི་ལས་དོན་ལེགས་པར་སྤེལ་བ།ཡུལ་སྐོར་དང་རིག་གནས་དཔལ་འབྱོར་མཐོར་གཏོང་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་སེར་སྔར་བས་མང་པོ་ཞིག་ཡུལ་སྐོར་ལས་རིགས་ནང་ཞུགས་ཐུབ་པ་བྱེད་དགོས་པ་དང་དུས་མཚུངས་ཞིང་འབྲོག་མང་ཚོགས་ཀྱི་བསམ་བློ་གཏོང་སྟངས་འགྱུར་བ་ཐུབ་པ་དང་། རྩལ་ནུས་ཆེ་རུ་གཏོང་བ། ཡོང་འབབ་མང་དུ་འགྲོ་བ། འཚོ་བ་ལེགས་སུ་འགྲོ་བ་བཅས་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་བ་རེད།

    ཐག་རིང་ལུང་ཁུག་ས་ཁུལ་གྱི་སློབ་གསོ་དང་། སྨན་བཅོས། འཕྲོད་བསྟེན་བཅས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་གནས་ཚུལ་ལ་བློ་བཟང་རྒྱལ་མཚན་གྱིས་ད་བར་དུ་ཐུགས་ཁུར་ཆེན་པོ་གནང་གི་ཡོད། བློ་བཟང་རྒྱལ་མཚན་གྱིས་རྩྭ་མདའ་རྫོང་གི་ལོ་དགུའི་ལམ་ལུགས་ཀྱི་འོས་འགན་སློབ་གསོ་ལག་ལེན་བསྟར་བའི་སློབ་གྲྭ་ཞིག་གི་ལོ་རིམ་དགུ་པའི་འཛིན་གྲྭ་གཉིས་པའི་སློབ་ཁང་ནང་ཕེབས་ཏེ་སློབ་མ་ཚོར་ལང་ཚོ་འཕྲོ་བརླག་གཏོང་བ་ནི་འཕྲོ་བརླག་ཆེ་ཤོས་བཏང་བ་ཞིག་རེད། ཁྱེད་ཚོས་ངེས་པར་དུ་ནན་ཏན་ངང་སློབ་སྦྱོང་བྱེད་པ་དང་ལང་ཚོར་གཅེས་འཛིན་ལེགས་པར་བྱས་ཏེ་སྤྱི་ཚོགས་ཐོག་གོ་ཆོད་པའི་མི་ཞིག་ཏུ་འགྱུར་བ་བྱ་རྒྱུའི་བརྩོན་ལེན་བྱེད་པ་ལས་ཞག་འཕུལ་ཉིན་འགྱངས་བྱེད་མི་རུང་ཞེས་གསུང་ཚིག་ནན་ཞིང་ཐུགས་ཁུར་ཆེན་པོས་གསུངས་པ་རེད། དེ་རྗེས་ཁོང་གིས་སློབ་ཁང་དང་། ཉལ་ཁང་། ལུས་རྩལ་ཐང་། ཟ་ཁང་བཅས་སུ་ཕེབས་ཏེ་སློབ་གྲྭ་འཛུགས་སྐྲུན་དང་། སློབ་ཁྲིད། སློབ་མའི་སློབ་སྦྱོང་དང་འཚོ་བ་བཅས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཁོང་གིས་བོད་ལྗོངས་དར་རྒྱས་ཡོང་བ་བྱེད་དགོས་ན་ངེས་པར་དུ་སྔོན་ལ་སློབ་གྲྭ་འཕེལ་རྒྱས་གཏོང་དགོས་པ་དང་སློབ་གྲྭ་འཕེལ་རྒྱས་ཡོང་བ་བྱེད་དགོས་ན་སྔོན་ལ་དགེ་རྒན་གྱི་དཔུང་ཁག་སྟོབས་ཆེར་གཏོང་དགོས།དགེ་རྒན་གྱི་སྟོབས་ཤུགས་ཆེ་རུ་གཏོང་དགོས་ཤིང་། བྱེད་ཐབས་སྣ་ཚོགས་མཉམ་དུ་སྤྱད་དེ་སེམས་པ་ཆགས་ཐབས་དང་ལུས་པོ་གནས་ཐབས་བྱེད་པའི་ཁོར་ཡུག་ཅིག་བསྐྲུན་ནས་དགེ་རྒན་དཔུང་ཁག་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་དགོས། སློབ་ཁྲིད་ནུས་པ་ཆེ་རུ་གཏོང་དགོས་ཤིང་། སློབ་ཁྲིད་བྱས་ནས་གསོ་སྐྱོང་དང་ཁྱོན་ཡོངས་ནས་གསོ་སྐྱོང་བྱེད་དགོས་པ་དང་། སྤྱི་ཚོགས་དང་། འབྱུང་འགྱུར། དེང་རབས་ཅན་བཅས་གསུམ་ལ་ཁ་ཕྱོགས་ཐུབ་པ་བྱེད་དགོས་པ། སློབ་ཕྲུག་ལ་ཕུགས་བསམ་ལྡན་པ་དང་། ཀུན་སྤྱོད་ལྡན་པ། རིག་གནས་ལྡན་པ། སྒྲིག་ལམ་ལྡན་པ་བཅས་ཀྱི“ལྡན་པ་བཞི”ཡི་གཞོན་ནུར་འགྱུར་བ་བྱ་རྒྱུ་དང་ཏང་ལ་དགའ་ཞེན་དང་།མེས་རྒྱལ་ལ་དགའ་ཞེན། སྤྱི་ཚོགས་ལ་དགའ་ཞེན།ཕ་ཡུལ་ལ་དགའ་ཞེན། ཕ་མར་དགའ་ཞེན་བཅས་ཀྱི“དགའ་ཞེན་ལྔ”ཡི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱུན་འཛིན་པར་འགྱུར་བ་བྱ་རྒྱུའི་སློབ་གསོ་ཧུར་ཐག་གཏོང་དགོས་ཞེས་གསུངས་པ་རེད། བློ་བཟང་རྒྱལ་མཚན་གྱིས་ད་དུང་སྤུ་ཧྲེང་རྫོང་བར་ག་ཤང་འཕྲོད་བསྟེན་ཁང་དང་རྩ་མདའ་རྫོང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་སུ་ཕེབས་ཏེ་གཞི་རིམ་དུ་འཕྲོད་བསྟེན་མི་སྣ་བཀོད་སྒྲིག་བྱས་ཚུལ་སོགས་བརྟག་ཞིབ་གནང་བ་རེད། ཁོང་གིས་སྐབས་དེའི་སྲིད་གཞུང་གི་འགན་ཁུར་ཡུན་ནང་གཞི་རིམ་གྱི་སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན་ཆེད་ལས་ལག་རྩལ་ཤེས་ལྡན་པ་དཀོན་པའི་གནད་དོན་ནུས་ཤུགས་ཡོད་རྒུ་བཏོན་ནས་ཐག་གཅོད་བྱེད་དགོས་ཞེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་ད་དུང་སྤུ་ཧྲེང་ཞེར་བ་མཐའ་མཚམས་ཞིབ་བཤེར་ཐོག་ཁང་འཛུགས་སྐྲུན་དང་། འགག་སྒོའི་འགྲོ་འོང་ས་ཚིགས། སྤུ་ཧྲེང་མཐའ་མཚམས་ཚོང་དོན་ཁྲོམ་ར་འཆར་འགོད་ཀྱི་དུས་བཀག་གོང་མའི་ལས་དོན་བཅས་ལ་རྟོག་ཞིབ་གནང་བ་རེད།

    སྤུ་ཧྲེང་རྫོང་བར་ག་ཤང་དང་། སྤུ་ཧྲེང་གྲོང་རྡལ་གྱི་ཞེར་བ། རྩ་མདའ་རྫོང་མདའ་འབབ་ཤང་བཅས་སུ་བློ་བཟང་རྒྱལ་མཚན་གྱིས་མཐའ་སྲུང་བཀོད་འཐབ་པ་དང་སྤྱི་བདེའི་མཐའ་སྲུང་དཔོན་དམག་ལ་གཟིགས་པ་དང་འབྲེལ་འཚམས་འདྲི་ཡང་གནང་བ་རེད། ཁོང་གིས་དཔོན་དམག་ཚོས་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་བཏང་སྟེ་མཐའ་མཚམས་དུས་བདེ་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱ་ཕྱིར་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་རྒྱུའི་ཐུགས་རེ་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་གྲུབ་ལྷན་དུ་ཕེབས་ཡོད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001329348661