གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། ཀྲུང་ དབྱང་ སྐོར་ སྐྱོད་ ལྟ་ སྐུལ་ མཛུབ་ ཁྲིད་ ཚོགས་ ཆུང་ བཅུ་ པས་ བོད་ ལ་ ལྟ་ སྐུལ་ མཛུབ་ ཁྲིད་ གནང་ ཚུལ་ བརྡ་ ལན་ གནང་ བ།
2014-04-08       གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཟླ་4ཚེས་6ཉིན་གྱི་ཕྱི་དྲོ་ཀྲུང་དབྱང་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཅུ་པས་བོད་རང་སྐྱོང་ལྗོངས་ཏང་ཨུད་ལ་ལྟ་སྐུལ་མཛུབ་ཁྲིད་གནང་ཚུལ་བརྡ་ལན་གནང་བ་དང་ཀྲུང་དབྱང་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཅུ་པའི་ཙུའུ་ཀྲང་དབྱང་ཁྲུང་ཧུའེ་ཡིས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ཚབ་ཞུས་ནས་བརྡ་ལན་གནང་བ་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་པད་མ་འཕྲིན་ལས་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན། ཀྲུང་དབྱང་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཅུ་པའི་ཙུའུ་ཀྲང་གཞོན་པ་ལི་ཡིའུ་ཚའེ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུའུ་དབྱིང་ཅེ་དང་དེ་བཞིན་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཆེ་དགྲ་ལྷ་སོགས་ཕེབས་ཡོད་པ་རེད།

    དབྱང་ཁྲུང་ཧུའེ་ཡིས་དེ་གོང་སྐབས་ཤིག་རིང་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཅུ་པས་གནས་ཚུལ་ངོ་སྤྲོད་ཉན་པ་དང་། རེ་ཟུང་དང་གླེང་མོལ་བྱེད་པ། ས་ཆ་དངོས་སུ་བཅར་འདྲི་བྱེད་པ། དཔྱད་གཞིའི་ཡིག་རིགས་ལྟ་བ་སོགས་ཀྱི་བྱ་ཐབས་ཐོག་ནས་བོད་རང་སྐྱོང་ལྗོངས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཁག་གཉིས་པ་སྤེལ་ཚུལ་བརྟག་ཞིབ་བྱས་པ་རེད། ལྷོ་ཁ་ས་ཁུལ་དང་དེ་བཞིན་སྣེ་གདོང་རྫོང་དང་། མཚོ་སྣ་རྫོང་།གྲ་ནང་རྫོང་བཅས་སུ་ས་གནས་ས་ཐོག་ཏུ་བརྟག་ཞིབ་ཏུ་བསྐྱོད་པ་དང་ཤང་གྲོང་དང་། གྲོང་ཚོ་དང་ཡུལ་མི་ཨུ་ཡོན་ལྷན་ཁང་། ཉེན་རྟོག་ཞབས་ཞུའི་ས་ཚིགས། མངགས་གཏོང་ཁང་། དམངས་ཕན་ཞབས་ཞུའི་ལྟེ་གནས། ཞིང་དུད་བཅས་སུ་བཅར་འདྲིར་བསྐྱོད་ནས་རིམ་ཁག་ལས་བྱེད་པ་དང་གཞི་རིམ་མང་ཚོགས་ཀྱི་བསམ་འཆར་ཉན་པ་རེད་ཅེས་མཛུབ་སྟོན་གནང་བ་རེད།

    དབྱང་ཁྲུང་ཧུའེ་ཡིས་བོད་རང་སྐྱོང་ལྗོངས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་ཁས་ལེན་གནང་ཞིང་། ཁོང་གིས་བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ནན་ཏན་ངང་ལག་ལེན་བསྟར་བ་དང་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཇུས་འགོད་དང་བཀོད་སྒྲིག་ཞིབ་ཚགས་བྱས་ནས་བྱེད་སྒོ་ཁག་གཉིས་པ་སྐྱོན་བྲལ་གཏིང་ཟབ་ངང་སྤེལ་བ་དང་འགོ་ཡག་པོ་ཚུགས་ཐུབ་པ་བྱུང་ཡོད། འགོ་ཁྲིད་ཀྱིས་མཐོང་ཆེན་བྱེད་པ། བློ་མཐུན་ཁྲེན་ཆོན་གོ་སྐུ་ངོ་མས་དམ་འཛིན་དང་སྣེ་འཁྲིད་དེ་འབྲེལ་གཏུགས་ས་ཚིགས་སུ་བརྟག་ཞིབ་མཛུབ་ཁྲིད་གནང་བར་ཕེབས་པ་དང་རིམ་ཁག་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་འགན་འཁྲི་དང་པོ་ནན་ཏན་ངང་འཁུར་ཡོད། རྣམ་འགྱུར་ནན་ཏན་ཡིན་པ།ས་གནས་དང་ཚན་པ་ཁག་གིས་སློབ་སྦྱོང་ནན་ཏན་བྱེད་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་ལན་ཁའོ་རུ་རྟོག་ཞིབ་དང་མཛུབ་ཁྲིད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གཅིག་སྡུད་ཐོག་སློབ་སྦྱོང་ཡག་པོ་བྱེད་པ་དང་། བྱ་ཐབས་སྣ་ཚོགས་སྤྱད་དེ་མང་ཚོགས་ཀྱི་བསམ་འཆར་རྒྱ་ཁྱབ་ཏུ་ཉན་པ། དམིགས་སའི་རང་བཞིན་ཆེ་བ་དང་དོན་དངོས་དང་བསྟུན་ཏེ“སྤྱོད་ཚུལ་བཞི”བཅོས་སྒྲིག་བྱེད་པ་དང་ཆབས་ཅིག་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ལས་ཀའི་སྤྱོད་ཚུལ།གཞི་རིམ་རྩ་འཛུགས་གཉོད་ཆུང་བཅས་ཐད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་མངོན་གསལ་དོད་པོར་འཇོག་པ། ས་གནས་ཁག་དང་ཚན་པ་ཁག་གིས་བྱ་ཐབས་སྔར་བས་ཞིབ་ཕྲ་བཟོས་པ་དང་ལྷོ་ཁ་ས་ཁུལ་གྱིས་བྱེད་སྒོ་སྣ་ཚོགས་སྤེལ་བ་བཅས་རེད། ལས་ཀ་ཏན་ཏིག་ངང་སྒྲུབ་པ། ལྗོངས་ཏང་ཨུད་ཀྱི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་དང་ས་ཁུལ་དང་རྫོང་གི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་དཔྱིད་གསར་དུས་ཆེན་གོང་དུ་བཅའ་སྡོད་བྱ་ཡུལ་དུ་བསྐྱོད་པ་དང་ཙུའུ་ཀྲང་གི་འགན་འཁུར་བའི་ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པས་སྔ་ཕྱི་བར་གསུམ་དུ་འཐབ་ཕྱོགས་དང་པོ་བརྟན་སྲུང་བྱེད་པ། གོ་རིམ་ལྡན་པའི་ངང་སྐུལ་མ་གཏོང་བ་དང་། སློབ་སྦྱོང་སློབ་གསོ་དང་བསམ་འཆར་བསྡུ་ལེན་གྱི་ལས་དོན་རིམ་པས་གཏིང་ཟབ་ཏུ་བཏང་བས་བསམ་བློའི་ངོས་འཛིན་མཐོར་གཏོང་དང་ལས་ཀའི་སྤྱོད་ཚུལ་འགྱུར་ལྡོག་གཏོང་བའི་ཐད་གྲུབ་འབྲས་རགས་ཙམ་ཐོབ་པ་དང་མང་ཚོགས་ཀྱིས་ཞུས་པའི་གནད་དོན་ཐག་གཅོད་བྱེད་བཞིན་ཡོད་པ་རེད་ཅེས་མཛུབ་སྟོན་གནང་བ་རེད།

    དབྱང་ཁྲུང་ཧུའེ་ཡིས་སློབ་གསོ་ལག་ལེན་བྱེད་སྒོ་ཁག་གཉིས་པ་ལེགས་པར་སྤེལ་བའི་ལས་འགན་ད་དུང་ལྕི་པོ་ཡོད། ས་ཁུལ་དང་གྲོང་ཁྱེར་དང་། ཆུས་དང་རྫོང་གི་འགོ་ཁྲིད་ཚན་ཁག་གི་ཁོངས་མིས་སྣེ་ཁྲིད་དེ་ཏང་གི་སྒྲིག་ཡིག་དང་། སྔོན་ཐོན་དཔེ་བཟང་མི་སྣ། བོད་མང་གཞུང་འགྲེམས2014ཡིག་ཨང་4པའི་ཡིག་ཆ་བཅས་ལྟར་ནན་ཏན་ངང་ཞིབ་བཤེར་བྱེད་པ་དང་བསྡུ་ལེན་བྱས་པའི་བསམ་འཆར་གསེད་བཀྲོལ་དང་དབྱེ་ཞིབ་བྱ་རྒྱུར་མཐོང་ཆེན་བྱེད་པ་དང་མང་ཚོགས་ཀྱིས་རེ་སྒུག་བྱེད་པའི་ཁྲོད་ནས་མི་འདང་ས་འཚོལ་ཐུབ་པ་བྱས་ཏེ“སྤྱོད་ཚུལ་བཞི”དང“གནད་དོན་གཉིས”“ཉམས་ཞན་གཅིག”བཅས་ཐད་ཀྱི་གནད་དོན་འཕྱུགས་པ་མེད་པ་འཚོལ་ཐུབ་པ་བྱེད་དགོས། བོད་རང་སྐྱོང་ལྗོངས་ཀྱི་རིམ་ཁག་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་གནད་དོན་འཕྱུགས་མེད་པ་འཚོལ་བའི་ཐད་ཏང་ཨུད་ཀྱི་ལས་རོགས་བཟང་པོ་བྱེད་ཅིང་བསྡུ་ལེན་བྱས་པའི་བསམ་འཆར་དང་དེ་བཞིན་སྒྲིག་གཞིའི་ལས་ཁུངས་དང་། རྩ་འཛུགས་སྡེ་ཚན། ཡིག་འབུལ་ངོ་བཅར་སྡེ་ཚན། སྐོར་སྐྱོད་ཚོགས་ཆུང་སོགས་ཀྱིས་རྒྱུན་དུ་ཁོང་དུ་ཆུད་པའི་གནས་ཚུལ་ལྟ་སྐུལ་མཛུབ་ཁྲིད་བྱེད་མཁན་ཚན་པར་ཇི་མ་ཇི་བཞིན་ཞུ་དགོས། ངོས་འཛིན་མཐོར་གཏོང་དང་། བསམ་བློ་གཅིག་གྱུར། སྤྱོད་ཚུལ་འགྱུར་ལྡོགམང་ཚོགས་ལ་ཞབས་འདེགས་ཞུ་ནུས་མཐོར་གཏོང་བཅས་ཀྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་མུ་མཐུད་ཁྲིད་སྟོན་བྱས་ནས་མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་བྱ་བ་སྒྲུབ་པ་དང་དཀའ་གནད་སེལ་བ།འཕེལ་རྒྱས་ལ་སྐུལ་མ་གཏོང་བ། བརྟན་ལྷིང་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཐད་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་ཐབས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཁྲེན་ཆོན་གོས་ཀྲུང་དབྱང་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཅུ་པས་གཞི་རིམ་དུ་ལྟ་སྐུལ་མཛུབ་ཁྲིད་ནན་ཏན་ངང་གནང་བ་དང་འབྲེལ་ལྗོངས་ཡོངས་ཀྱིས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ལེགས་པར་སྤེལ་རྒྱུའི་ཐད་དམིགས་ས་དང་མཛུབ་ཁྲིད་རང་བཞིན་ལྡན་པའི་དགོངས་འཆར་དང་གྲོས་འགོ་བཏོན་གནང་བས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ནན་ཏན་ངང་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།

    ཁྲེན་ཆོན་གོས་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེའི་དགོངས་དོན་དང་ལྷག་པར་དུ་ལན་ཁའོ་རུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལྟར་སློབ་གསོ་ལག་ལེན་བྱེད་སྒོ་ཁག་གཉིས་པ་ཏན་ཏན་ཏིག་ཏིག་ངང་ལེགས་པར་སྤེལ་དགོས་ཤིང་། ངོས་འཛིན་མཐོ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། སློབ་གསོ་ལག་ལེན་བྱེད་སྒོ་ཁག་གཉིས་པའི་གལ་ཆེའི་རང་བཞིན་དང་། དགོས་ངེས་རང་བཞིན། དགོས་གཏུགས་རང་བཞིན་བཅས་ལ་ངོས་འཛིན་གང་ལེགས་བྱས་ཏེ་བསམ་བློའི་རང་རྟོགས་དང་ལག་ལེན་གྱི་བྱ་སྤྱོད་རང་རྟོགས་མཐོ་རུ་ཏན་ཏིག་གཏོང་བ་དང་། སློབ་སྦྱོང་གཏིང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། ཀྲུང་དབྱང་གིས་གཏན་འབེབས་གནང་བའི་ངེས་པར་ལྟ་དགོས་པའི་དཔེ་དེབ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། ཧོ་ནན་ཞིང་ཆེན་ལན་ཁའོ་རྫོང་དུ་རྟོག་ཞིབ་མཛུབ་ཁྲིད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན། 《ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱེད་སྒོའི་སྐོར་གྱི་ཞིས་ཅིན་ཕིང་གི་རྒྱས་བཤད་བདམས་སྒྲིག》བཅས་སློབ་སྦྱོང་ནན་ཏན་བྱས་ཏེ་དམིགས་ཡུལ་གྱི་འདུ་ཤེས་དང་མང་ཚོགས་ཀྱི་ལྟ་བ་མཐོ་རུ་གཏོང་བ་དང་མང་ཚོགས་ལ་འཆང་བའི་བརྩེ་སེམས་ཟབ་ཏུ་བཏང་སྟེ་འཇིག་རྟེན་ལྟ་ཚུལ་དང་། མི་ཚེའི་ལྟ་ཚུལ། རིན་ཐང་གི་ལྟ་ཚུལ་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ། འདེགས་ཤིང་མཐོ་པོ་འཛུགས་རྒྱུ་མཐའ་འཁྱོངས་བྱེད་པ།དམིགས་ཚད་མཐོ་བ་དང་བླང་བྱ་ནན་པོའི་སྒོ་ནས་སྤུས་ཚད་མཐོ་པོ་འགན་ལེན་ཡོང་བ་བྱས་ཏེ་མགོ་ཡོད་མཇུག་ཡོད་འགན་ལེན་བྱེད་པ། རྣམ་པ་བཟང་པོ་གཏོད་རྒྱུ་མཐའ་འཁྱོངས་བྱེད་པ། ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་དར་སྤེལ་གཏོང་རྒྱུར་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་ལ་སློབ་སྦྱོང་བྱ་རྒྱུ་དེ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང་ཁུང་ཕན་སེན་གྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ཏེ་དམིགས་ཡུལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། དམངས་ལ་བརྩེ་ཟབ་མོ་འཆང་བ། ཕྱོགས་གཉིས་ལ་དམ་འཛིན་དང་ཕྱོགས་གཉིས་ལ་སྐུལ་མ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རྒྱུ་དེ་དེང་སྐབས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་ལེགས་པར་བསྒྲུབ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་སློབ་གསོ་ལག་ལེན་གྱི་བྱེད་སྒོ་སྒུལ་ཤུགས་སུ་བྱས་ནས་དཔལ་འབྱོར་རྒྱུན་སྲིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་བ་དང་སྤྱི་ཚོགས་ཁྱོན་ཡོངས་དང། རྒྱུན་སྲིང་། ཞི་མཐུན། བརྟན་ལྷིང་བཅས་མཐའ་འཁྱོངས་བྱས་ནས་ཕྱོགས་གཉིས་ལ་དམ་འཛིན་དང་། ཕྱོགས་གཉིས་ཀར་འཐུས་ཤོར་མི་ཡོང་བ། ཕྱོགས་གཉིས་ལ་སྐུལ་མ་ཐེབས་པ། ཕྱོགས་གཉིས་ལ་གྲུབ་འབྲས་ཐོབ་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001332452571