བོད་ལྗོངས།
༄༅།།ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་བསྐྱར་སྐྲུན་གྱི་གྲོས་མཐུན་ལ་མིང་རྟགས་འགོད་པའི་མཛད་སྒོ་འཚོགས་པ།

    ཉེ་ཆར། ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་བསྐྱར་སྐྲུན་གྱི་གྲོས་མཐུན་ལ་མིང་རྟགས་འགོད་པའི་མཛད་སྒོ་ལྷ་སར་འཚོགས་ཤིང་། མཛད་སྒོའི་ཐོག་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་དང་མཉམ་དུ《ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་བསྐྱར་སྐྲུན་གྱི་གྲོས་མཐུན》ལ་མིང་རྟགས་བཀོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེར་རང་རྒྱལ་གྱི་ཕྱི་འབྲེལ་པུའུ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་། དེ་བཞིན་ནེ་པ་ལའི་སྲིད་གཞུང་བཅས་ཀྱི་ཚད་མཐོའི་དོ་ཁུར་དང་རྒྱབ་སྐྱོར་ཐོབ་ཅིང་། རྣམ་གྲངས་དེའི་ནང་གཞུང་ལས་ཁང་དང་། ཕྱོགས་བསྡུས་ཐོག་ཁང་། ཐོངས་མཆན་འགོད་ས་སོགས་བསྐྱར་སྐྲུན་བྱ་རྒྱུ་ཚུད་ཡོད། རྣམ་གྲངས་དེ་སྐྲུན་ཟིན་རྗེས་ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་གཞུང་ལས་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཆེས་ཆེར་ཕྱིན་ནས་ཀྲུང་ནེའི་མཛའ་གྲོགས་སྔར་བས་ཟབ་ཏུ་འགྲོ་རྒྱུ་ཡིན་པས་ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཀྱིས་ནེ་པ་ལ་དང་སྤེལ་རེས་མཉམ་ལས་བྱེད་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་གཞན་ཞིག་ཡིན་པ་རེད།

    ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་བ་ཁའར་ཅིས་ནེ་པ་ལས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་རྩ་དོན་དང་བོད་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཆ་ཤས་ཤིག་ཡིན་པ་མཐའ་འཁྱོངས་བྱེད་ཀྱི་ཡོད། ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་འབྲེལ་སྒྲིག་གཞི་འབའ་ཞིག་ཡིན་པའི་ལྷ་སར་བཅའ་སྡོད་ནེ་པ་ལའེ་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་ཀྲུང་ནེའི་ཕན་ཚུན་ཡིད་ཆེས་དང་མཛའ་གྲོགས་ཀྱི་འབྲེལ་བར་སྐུལ་འདེད་གཏོང་རྒྱུར་གཞོལ་བཞིན་ཡོད་ལ་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་བསྐྱར་སྐྲུན་གྲོས་མཐུན་ནི་ཀྲུང་ནེའི་དབར་མུ་མཐུད་མཉམ་ལས་ཟབ་ཏུ་གཏོང་བའི་བདེན་དཔང་ཞིག་དེ་བས་ཀྱང་རེད། ཀྲུང་གོས་གྲོས་འགོ་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་གན་འཇོག་རྒྱལ་ཁབ་ཅིག་ཡིན་པའི་ངོས་ནས་ནེ་པ་ལར་འབྱུང་འགྱུར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཚོང་དོན། མ་འཇོག ཡུལ་སྐོར་སོགས་ཐད་ཕན་པ་ཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།

    རང་སྐྱོང་ལྗོངས་ཕྱི་དོན་དང་ཕྱིར་སྡོད་རང་མིའི་གཞུང་ལས་ཁང་གི་ཀྲུའུ་རེན་པད་མ་གཡང་འཛོམས་ཀྱིས་ཀྲུང་ནེའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ཚུན། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་ཡོད། འདི་ལོའི་ཟླ་5པར་གཉེར་བའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་ཐོག་ཀྲུང་ནེའི་དབར་ཀྲུང་ནེའི་མངའ་ཁོངས་སྒྲོལ་བའི་དཔལ་འབྱོར་མཉམ་ལས་ཁུལ་གྱི་དྲན་ཐོར་མིང་རྟགས་བཀོད་པ་དང་། ཀྲུང་གོས་ལྷོ་ཨེ་ཤེ་ཡར་ཁ་ཕྱོགས་ནས་སྒོ་དབྱེ་བའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པའི་བོད་རང་སྐྱོང་ལྗོངས་ཀྱིས་ནེ་པ་ལའི་ཁེ་ལས་དང“ཀྲུང་ནེའི་མཛའ་གྲོགས་བཟོ་ལས་གླིང”དང“ཀྲུང་གོའི་བོད་རང་སྐྱོང་ལྗོངས——ནེ་པ་ལའི་རིག་གནས་ཐོན་ལས་གླིང”ཞེས་པའི་མཉམ་ལས་རྣམ་གྲངས་གཉིས་ལ་མིང་རྟགས་བཀོད་ནས་ཀྲུང་ནེའི་མཛའ་གྲོགས་ལ་སྔར་བས་སྐུལ་འདེད་དང་རྒྱལ་ཁབ་གཉིས་པོའི་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་རྒྱུར་དེ་བས་ཆེ་བའི་སྒུལ་ཤུགས་ཤིག་སྤྲད་ཡོད་ཅེས་བཤད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001366262661