བོད་ལྗོངས།
བོད་ཀྱི་དབུལ་སྐྱོར་ཁྱབ་ཁོངས་ཀྱི་ཏང་ཡོན་ལས་བྱེད་པས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་སྐོར་ཚ་ཚ་འུར་འུར་ངང་གླེང་བ།

    ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་2020ལོར་སླེབས་སྐབས་རང་རྒྱལ་དུ་ལག་ལེན་བསྟར་བཞིན་པའི་ཚད་གཞིའི་འོག་གི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དབུལ་སྒྲོལ་ཐུབ་པ་དང་། རྫོང་དབུལ་པོ་ཚང་མའི་དབུལ་ཞྭ་འབུད་ཐུབ་པ། ས་ཁོངས་རང་བཞིན་གྱི་ཁྱོན་ཡོངས་དབུལ་པོའི་གནད་དོན་ཐག་གཅོད་ཐུབ་པ་བཅས་འགན་ལེན་བྱས་ནས་དབུལ་པོ་ངོ་མ་དབུལ་སྒྲོལ་དང་དབུལ་སྒྲོལ་ངོ་མ་ཐུབ་པ་བྱེད་དགོས་ཞེས་བསྟན་ཡོད། འདིའི་ཐད་དབུལ་སྐྱོར་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་རང་ལྗོངས་ཀྱི་ལས་བྱེད་པས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་དང་། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་མཐའ་འཁྱོངས། དབུལ་སྐྱོར་དང་བློ་སྐྱོར་རིག་སྐྱོར་ཟུང་འབྲེལ་ལ་སྣང་ཆེན། ཞིང་འབྲོག་མང་ཚོགས་ལ་འདུ་ཤེས་བསྒྱུར་རྒྱུའི་ཁྲིད་སྟོན། བློ་གྲོས་དང་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་པ་བཅས་བྱས་ནས་རྒྱལ་ཡོངས་དང་མཉམ་དུ་དུས་བཀག་བཞིན་ཕྱོགས་ཡོངས་ནས་འབྱོར་འབྲིང་ཡོང་བ་བྱ་རྒྱུ་ཡིན་ཞེས་བཤད།

    རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ལུའུ་ཧྭ་ཏུང་གིས“ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་འདས་པར་ཕྱོགས་སྡོམ་དང་། ད་ལྟར་ཞིབ་འཇུག་བརྡར་གཅོད། འབྱུང་འགྱུར་ལ་འཆར་འགོད་བཅས་གནང་ཡོད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་དམིགས་ཚད་འདི་དང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་དགོངས་པ་རྩོམ་ཡིག་གི་མགོ་ནས་མཇུག་བར་ཁྱབ་ཡོད་པ། རྒྱལ་ཡོངས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་འཕྲད་པའི་ཁྱད་ཆོས་གསར་པ་དང་འགྱུར་ལྡོག་གསར་པར་དབྱེ་ཞིབ་གཏིང་ཟབ་གནང་ཡོད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་འགོ་འཛུགས་པའི་སྤྱིའི་བླང་བྱ་དང་། འབད་འཐབ་དམིགས་ཚད། གཞི་རྩའི་ལས་འགན་བཅས་ཚན་རིག་དང་མཐུན་པའི་སྒོ་ནས་བཏོན་གནང་ཡོད་པ། རྒྱ་ཆེའི་མང་ཚོགས་ཀྱི་རེ་སྒུག་ལ་བསྟུན་གནང་ཡོད་པ་བཅས། འདི་ནི་བསམ་བློའི་རང་བཞིན་དང་། རྒྱང་ལྟའི་རང་བཞིན། དམིགས་སའི་རང་བཞིན། མཛུབ་ཁྲིད་ཀྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པའི་སྙན་སྒྲོན་ཞིག་རེད”ཅེས་བཤད།

    ཁོང་གིས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་ན་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་རྒྱག་པ་དང་། དབུལ་སྒྲོལ་བྱེད་ཐབས་སྤྱོད་ཤུགས་ཆེ་རུ་གཏོང་བ། དབུལ་སྐྱོར་བྱ་ཡུལ་གནད་སྨིན་དང་། རྣམ་གྲངས་བཀོད་སྒྲིག་གནད་སྨིན། མ་དངུལ་བེད་སྤྱོད་གནད་སྨིན། བྱེད་ཐབས་དོན་འཁྱོལ་གནད་སྨིན། དབུལ་སྐྱོར་གྲུབ་འབྲས་གནད་སྨིན་བཅས་མཐའ་འཁྱོངས་བྱེད་པ། དབུལ་སྐྱོར་དང་བློ་སྐྱོར་རིག་སྐྱོར་ཟུང་འབྲེལ་ལ་སྣང་ཆེན་གྱིས་དབུལ་སྐྱོར་འགག་སྒྲོལ་གྱི་ཆུ་ཚད་རྒྱུན་མི་ཆད་པར་ཆེ་རུ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གོམ་སྟབས་མགྱོགས་སུ་གཏོང་བ་བཅས་བྱས་ནས་བོད་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་ཐུབ་པ་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།

    སྟེང་ཆེན་རྫོང་ཞེ་གཞུང་ཤང་གི་ཤང་ཀྲང་ཞིས་ཞའོ་ཆིང་གིས་ང་ཚོས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་དང་། ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་ཁྱད་ཆོས་དང་ཟུང་འབྲེལ། ཏན་ཏིག་ནུས་ལྡན་གྱི་བྱེད་ཐབས་སྤྱོད་པ། ཕར་ཆིན་རྒྱག་པའི་སྙིང་རུས་འདོན་པ། མི་ཚོགས་དབུལ་པོའི་དབུལ་སྒྲོལ་དགོས་མཁོ་དང་སྦྲེལ་མཐུད་གནད་སྨིན། དབུལ་པོར་གྱུར་དོན་གསལ་པོ་ཤེས་པ། དབུལ་སྒྲོལ་གྱི་ཁ་གཏད་གཅོག་ཐབས་གནད་ལ་འཁེལ་པོས་འཚོལ་བ་བཅས་བྱས་ནས་ཐོན་ལས་དབུལ་སྐྱོར་དང་། སློབ་གསོ་དབུལ་སྐྱོར། སྣོད་བཅུད་དབུལ་སྐྱོར། ལས་ཞུགས་དབུལ་སྐྱོར་བཅས་བྱེད་རིང་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་ལས་དོན་ལེགས་པར་སྒྲུབ་དགོས། བློ་སྐྱོར་རིག་སྐྱོར་ལ་མཉམ་དུ་དམ་འཛིན་གྱིས་དུད་ཚང་དབུལ་པོའི་བསམ་པ་ཡར་ལངས་ཏེ་རང་རྟེན་ཐུབ་པ་དང་མུ་མཐུད་འབབ་འཕར་ཡོང་བ་བྱ་རྒྱུ་ཡིན་ཞེས་བཤད།

    “ལོ་འདི་དག་རིང་ང་ཚོའི་གྲོང་ཚོའི་རྣམ་པ་ནང་སའི་འབྱོར་འབྲིང་གྲོང་ཚོའི་རྣམ་པ་དང་གཉིས་སུ་མ་མཆིས། མེས་རྒྱལ་ལྷོ་ནུབ་ཀྱི་མཐའ་མཚམས་སུ་ཡོད་རུང་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཡག་པོ་ཡོད། ངའི་ཕ་ཡུལ་ཐག་རིང་ལུང་ཁུག་ཏུ་ཡོད་ཀྱང་རྗེས་ལུས་ཐེབས་མེད། འདི་དག་ཚང་མ་ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཀྱིས་དབུལ་སྐྱོར་སྲིད་ཇུས་ལག་ལེན་བསྟར་བའི་འབྲས་བུ་རེད”ཅེས་ཧྭ་ཀྲུང་ཞིང་ལས་སློབ་ཆེན་དུ་སློབ་སྦྱོང་བྱེད་བཞིན་པའི་མངའ་རིས་ས་ཁུལ་སྒར་རྫོང་བདེ་མཆོག་གྲོང་ཚོའི་ལོ་23ལ་སླེབས་པའི་སློབ་ཆེན་སློབ་མ་ངག་དབང་སྒྲོལ་མས་སྤོབས་སེམས་ཆེན་པོས་བཤད།

    ཉེ་ཆར། ངག་དབང་སྒྲོལ་མས་ཁ་པར་དང་གློག་ཀླད་བརྒྱུད་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་སློབ་སྦྱོང་ནན་ཏན་བྱས་ཤིང་། ཁོ་མོར་སྙན་སྒྲོན་ནང་གི“གནད་སྨིན”དང“དབུལ་སྒྲོལ་ངོ་མ”ཞེས་པའི་ཚིག་གཉིས་པོར་བག་ཆགས་ཟབ་མོ་བྱུང་། ཏང་གིས་དངོས་གནས་དྲང་གནས་མི་དམངས་ཨང་དང་པོར་འཇོག་པ་མ་ཟད། ད་དུང“མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་ཕྱིན་དོན་ཆུང་མིན་པའི”འདུ་ཤེས་མཐའ་འཁྱོངས་བྱེད་པ་ལས་འགན་འཁྲི་འཁུར་བ་མཚོན་པ་དང་མི་སེར་ཚོར་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་དེ་བས་མང་བ་བྱུང་ཡོད། “ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་དབུལ་སྐྱོར་འགག་སྒྲོལ་གྱི་དམིགས་ཚད་གསར་པ་དང་། བླང་བྱ་གསར་པ། ཐབས་ཇུས་གསར་པ། ཐབས་ཤེས་གསར་པ་བཅས་བཏོན་འདུག ཏང་ཀྲུང་དབྱང་གི་འགོ་ཁྲིད་ཡང་དག་འོག་ང་ཚོས་དབུལ་སྐྱོར་དབུལ་སྒྲོལ་གྱི་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་བླངས་ཏེ་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་ཐུབ་པའི་ཡིད་ཆེས་ང་ལ་བརྟན་པོ་ཡོད”ཅེས་བཤད།

    “ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི‘ངས་སེམས་ཁྲལ་ཆེ་ཤོས་བྱེད་པ་ནི་སྔར་བཞིན་དཀའ་ངལ་ཡོད་པའི་མང་ཚོགས་ཡིན’ཞེས་པའི་སྐད་ཆ་འདི་ངའི་སེམས་ལ་ཟུག་ཤོས་རེད་འདུག”སྒང་པ་རྫོང་དུད་ཚང་དབུལ་པོ་ཆོས་སྐྱིད་ཀྱིས“འདི་ལས་ཏང་དང་སྲིད་གཞུང་གིས་ང་ཚོ་བརྗེད་མེད་པ་གསལ་བཤད་ཐུབ་ཀྱི་འདུག ཏང་དང་སྲིད་གཞུང་གི་སྣེ་ཁྲིད་འོག་ང་ཚོ་གང་མགྱོགས་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད”ཅེས་བཤད། སྒང་པ་རྫོང“སྒང་མོ་གྲོང”མི་རིགས་ལག་ཤེས་རྒྱུན་འཛིན་པ་གཡང་ལྷ་མོས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ“འདས་ཟིན་པའི་ལོ་ལྔའི་རིང་ཏང་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག་གྲོང་རྡལ་དུ་བྱེ་རྡོ་ར་བ་བཙུགས་སོང་། དེ་ལས་ང་ཚོར་ལོ་ལྟར་ཡོང་འབབ་མི་ཉུང་བ་ཞིག་ཡོང་གི་འདུག ན་ནིང་ངའི་ཁྱིམ་གྱིས་འདྲུད་འཐེན་འཕྲུལ་འཁོར་དང་འཁྱག་སྒམ་ཉོས་པ་ཡིན། ཏང་གི་ཚོགས་ཆེན་བཅུ་དགུ་པ་གྲོལ་རྗེས་ང་ཚོའི་འཚོ་བ་ཉིན་རེ་བཞིན་ཇེ་ཡག་ཏུ་འགྲོ་བའི་ཡིད་ཆེས་ཡོད། འབྱུང་འགྱུར་མེས་རྒྱལ་དེ་བས་སྟོབས་འབྱོར་མངའ་ཐང་རྒྱས་པའི་སྨོན་འདུན་ཞུ་རྒྱུ་ཡིན”ཞེས་བཤད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001367075061