བོད་ལྗོངས།
དུས་རབས་གསར་པར་སྣེ་འཁྲིད་མཁན་གྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་སྲོག་ཤིང་།

    རླབས་ཆེན་གྱི་བྱ་གཞག་མི་རབས་ནས་མི་རབས་བར་རྒྱུན་འཛིན་པ་དང་རླབས་ཆེན་གྱི་སྲིད་ཏང་ནམ་ཡང་བརྟན་པོར་གནས། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་དབྱང་གི་འགོ་ཁྲིད་ལས་ཁུངས་གསར་པ་འདེམས་ཐོན་བྱུང་ཡོད། བློ་མཐུན་ཞི་ཅིན་ཕིང་སླར་ཡང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བདམས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་མྱོང་བའི་བློ་མཐུན་ཁག་གཅིག་ཏང་ཀྲུང་དབྱང་གི་འགོ་ཁྲིད་ལས་གནས་ནས་བབས་གནང་བ་དང་། སྤྱོད་ཡོན་གཉིས་ལྡན་དང་ལོ་ན་གཞོན་ཞིང་འཇོན་ཐང་ཆེ་བའི་འགོ་ཁྲིད་ལས་བྱེད་པ་ཁག་གཅིག་སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་གི་འགོ་ཁྲིད་ལས་ཁུངས་ནང་ཞུགས་ཡོད། དེ་ནི་ཆབ་སྲིད་ལངས་ཕྱོགས་བརྟན་པོ་དང་། མཐུན་སྒྲིལ་གཅིག་གྱུར། སྲ་བརྟན་ནུས་ཆེ། འབད་འཐབ་ཆེན་པོས་བྱས་རྗེས་གཏོད་པ་བཅས་ཀྱི་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་ཅིག་དང་མི་དམངས་ཀྱིས་རེ་སྒུག་བྱེད་ཆོག་པ་དང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་ཅིག་རེད། བདམས་ཐོན་འབྲས་བུ་ལས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཐུན་མོང་བསམ་འདུན་གང་ལེགས་མངོན་པ་དང་། རང་རེའི་ཏང་ཉིད་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་ཡར་རྒྱས་གོང་འཕེལ་ཡིན་པ་གང་ལེགས་མཚོན་ཡོད། ཏང་ཡོངས་ཀྱི་བློ་མཐུན་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་མཐུན་སྒྲིལ་ངང་སྣེ་ཁྲིད་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་རྒྱུ་ཡིན་པའི་ཡིད་ཆེས་ཟབ་མོ་བྱེད་ཀྱི་ཡོད།

    ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་དེ་མི་དམངས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་དོ་མི་སྙོམས་པ་དང་འཐུས་སྒོ་མི་ཚང་བའི་འཕེལ་རྒྱས་དབར་གྱི་འགལ་བར་འགྱུར་བ་སོགས་ཆབ་སྲིད་ཀྱི་ཆོད་སྡོམ་གལ་ཆེན་གནང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཏང་གིས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་པའི་མཛུབ་ཁྲིད་བསམ་བློར་གཏན་འཁེལ་གནང་བ། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་རིགས་པའི་གཞུང་ལུགས་དང་ལག་ལེན་གལ་ཆེན་གྱི་གནད་དོན་རབ་དང་རིམ་པར་ལན་གཏིང་ཟབ་བཏབ་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པའི་རྒྱང་སྐྱོད་ལམ་བུ་གསར་པར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་རྒྱལ་ཁའི་ངང་འཚོགས་པས། ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་ཡར་ཐོན་ལ་མདུན་སྐྱོད་ཁ་ཕྱོགས་གསལ་སྟོན་བྱས་པ་དང་། རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་མུ་མཐུད་སྣེ་ཁྲིད་དེ་མཐུན་སྒྲིལ་འབད་འཐབ་བྱ་རྒྱུར་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་གལ་ཆེན་བཏིང་བ། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་ཆེན་བཅས་ཕྱོགས་ཡོངས་ནས་ལག་བསྟར་བྱ་ཆེད་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་དང་རྩ་འཛུགས་ཀྱི་འགན་ལེན་བྱས་ཡོད། དེ་ཐོག་ནས་རང་རེའི་ཏང་ནི་ཐོག་མའི་བསམ་འདུན་མ་བརྗེད་པ་དང་། འགན་འཁྲི་བློ་ལ་བརྟན་པོ་ངེས་པ། བློ་རྩ་བརྟན་ཞིང་བྱང་ཆུབ་པ། སྔོན་ཐོན་ནམ་ཡང་གནས་པ་བཅས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་ཞིག་ཡིན་པ་གསལ་བཤད་གང་ལེགས་བྱས་ཡོད། རླབས་ཆེན་བྱ་གཞག་ལ་ངེས་པར་དུ་སྲ་ཞིང་བརྟན་པའི་ཏང་གིས་འགོ་ཁྲིད་བྱེད་དགོས། རང་རེའི་རྒྱལ་ཁབ་ཆེན་པོ་དང་ཏང་ཆེན་པོ་འདི་ལྟ་བུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་བའི“ཆེན་པོ་ཡིན་ཚེ་ཆེན་པོའི་ཉམས་འགྱུར་ལྡན་དགོས”ཞེས་པ་ལྟར་ཡོད་དགོས། དུས་རབས་གསར་པར་ཏང་ཡོངས་གཅིག་སྒྲིལ་དང་། མི་དམངས་མཐུན་སྒྲིལ། འགྲན་སློང་ལས་རྒྱལ་བ། རླབས་གཤགས་མདུན་སྐྱོད་བཅས་བྱས་ཏེ་རང་རེའི་ཏང་ཉིད་སྔ་བར་ཕྱི་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་ཀྱི་སྟོབས་ཤུགས་སུ་འགྱུར་རྒྱུ་འགན་ལེན་བྱེད་པར་ངེས་པར་དུ་སྲ་ཞིང་བརྟན་ལ་ནུས་ལྡན་གྱི་འགོ་ཁྲིད་ཀྱི་སྲོག་ཤིང་ཡོད་དགོས། ད་ཆ་དུས་རབས་གསར་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཐོག་ཏུ་འཁུར་ནས་རླབས་ཆེན་འཐབ་རྩོད་དེ་བས་ཡག་པོ་བྱེད་པ་དང་། རླབས་ཆེན་འདུ་འགོད་གཏོད་པ། རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བ། རླབས་ཆེན་ཕུགས་འདུན་མངོན་འགྱུར་བཅས་བྱེད་པར་རང་རེའི་ཏང་ལ་སྲ་ཞིང་བརྟན་པའི་འགོ་ཁྲིད་ཀྱི་སྲོག་ཤིང་དང་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་དེ་བས་ཡོད་དགོས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནས་བབ་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ཚེ། གཞི་ནས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཁོངས་མིའི་བློ་གྲོས་གཅིག་འདུས་དང་། རིམ་ཁག་འགོ་ཁྲིད་ལས་བྱེད་པའི་བློ་གྲོས་གཅིག་འདུས། ཏང་ཡོངས་ཀྱི་ཏང་ཡོན་ཁྲི་8900ལྷག་ཙམ་གྱི་བློ་གྲོས་གཅིག་འདུས། ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པའི་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་གཅིག་འདུས་བཅས་ཡོང་ཐུབ།

    ཐོག་མའི་བསམ་འདུན་མ་བརྗེད་ན། ད་གཟོད་མགོ་མཇུག་རྒྱུན་འཁྱོངས་ཡོང་ཐུབ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་དུས་རབས་གསར་པར་ཏང་གི་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་མངོན་པ་དང་། རྒྱང་སྐྱོད་ལམ་བུ་གསར་པའི་སྟེང་ལེའུ་གསར་པ་བརྩམས་ནས་རྒྱལ་ཁ་གསར་པ་བླངས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དེ་བས་འོད་སྟོང་འཕྲོ་བའི་མདུན་ལམ་རྒྱུན་ཆད་མེད་པར་གཏོད་དགོས།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001367075481